16
Mon, Dec

ཐེ་ཝན་གྱིས་སྲིད་བློན་གསར་པ་བསྐོས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༡༡ཉིན། ཐེ་ཝན་དང་རྒྱ་ནག་གཉིས་བར་ཛ་དྲག་གནས་སྟངས་འབྱུང་བཞིན་པའི་སྐབས་འདིར། ཐེ་ཝན་སྲིད་འཛིན་ཚད་ཡི་ཝིང་གིས་མོ་རང་གི་ཕྱོགས་ཁག་ནས་ཡིན་པའི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སོ་ཚིང་ཁྲང་སྲིད་བློན་ལ་བསྐོ་བཞག་གནང་ཡོད་འདུག

དེ་ཡང་ལོ་ན་༧༡ལ་སོན་པའི་སོ་ཚིང་ཁྲང་ནི། དེའི་སྔོན་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཟུར་པ་ཡིན་པ་དང་། ཝེ་ལན་ལད་གྱི་ཚབ་དུ་བསྐོ་བཞག་གནང་ཡོད་འདུག མང་གཙོ་ཡར་ཐོན་ཚོགས་པ་ཡིན་པའི་ཝེ་ལན་ལད་དང་ཁོང་གི་ལས་རོགས་དེ་ཚོ་༢༠༡༨ལོའི་ལོ་མཇུག་ཟླ༡༡པའི་ནང་འོས་ཤོག་ལས་ཤོར་རྗེས། ཟླ་འདིའི་ཚེས་༡༡ཉིན་ཁོང་རང་དངོས་སུ་དགོངས་པ་ཞུས་ཡོད་འདུག ཚད་ཡི་ཝིང་ཡང་མོ་རང་ཡང་མང་གཙོ་ཡར་ཐོན་ཚོགས་པ་ནས་དགོངས་པ་ཞུས་ཡོད་རུང་། ཁོང་མོ་སྲིད་འཛིན་མུ་མཐུད་ནས་གནང་བཞིན་འདུག ཐེ་ཝན་སྲིད་འཛིན་ཚད་ཡི་ཝིང་གིས་སྲིད་བློན་སོ་ཚིང་ཁྲང་ལ་ཐེ་ཝན་གྱི་གནས་སྐབས་འདི་འདྲ་ཞིག་ལ་དགོས་པའི་ནུས་པ་གསུམ་ཚང་ཡོད་པ་བརྗོད་འདུག དེ་ཡང་ཁོང་ལ་ཉམས་མྱོང་དང་གསོན་ཤུགས། སྲིད་ཇུས་སོགས་ལ་ཐག་གཅོད་པའི་འཇོན་ཐང་ཡོད་ཅེས་གསུངས་འདུག

སྲིད་འཛིན་ཚད་ཡི་ཝིང་ལ་རྒྱལ་ཕྱི་ནང་གཉིས་ཀ་ནས་དཀའ་ངལ་ཕྲད་བཞིན་པ་རེད་འདུག རྒྱལ་ནང་དུ་ཁོ་མོ་ཡི་ཡར་ཐོན་གྱི་འགྱུར་བ་གཏོང་བའི་གྲོས་འཆར་ལ་འགོག་རྐྱེན་འཕྲད་ཡོད་དང་། ཐེ་ཝན་ནང་དཀའ་ངལ་ཅན་གྱི་གནས་སྟངས་ཆགས་ཡོད་འདུག རྒྱལ་ཕྱི་ནས་ཉེ་ཆར། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དང་དུ་བླངས་ཏེ་ཞི་བའི་ཐོག་ནས་རྒྱལ་ཁབ་གཅིག་གྱུར་བྱེད་དགོས་པ་བཤད་ཡོད་འདུག

འོན་ཀྱང་། སྲིད་འཛིན་ཚད་ཡི་ཝིང་གིས་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེར་ངོས་ལེན་བྱས་མེད་པ་དང་། ཁོ་མོས་ཟླ་འདིའི་ཚེས་༡༡ཉིན་ཀྱི་གསུང་བཤད་ནང་དུ། ཐེ་ཝན་གྱི་༢༠༡༩ལོའི་ནང་གི་གལ་གནད་ཆེ་ཤོས་ཀྱི་ལས་དོན་ནི་ཐེ་ཝན་གྱི་བདག་དབང་དང་མང་གཙོ་སྲུང་སྐྱོང་བྱ་རྒྱུ་དང་། དེ་ནས་མི་མང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པར་བརྗོད་འདུག

རྒྱལ་ཁབ་གཉིས་ཀྱི་གཞུང་ཕྱོགས་ནསའབོད་སྟངས་ནི། རྒྱ་ནག་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། ཐེ་ཝན་ལ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་ཟེར་བཞིན་ཡོད། ༡༩༤༩ལོར་གུང་ཁྲན་ཏང་དང་གོ་མིང་ཏང་གཉིས་དམག་འཛིང་བྱས་ཏེ་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་རྗེས། རྒྱལ་ཁབ་གཉིས་སུ་ཁ་ཐོར་དུ་སོང་ཡོད་པ་དང་། དེ་ནས་རྒྱལ་ཁབ་རང་ཉིད་སོ་སོ་ནས་སྲིད་གཞུང་བཟུང་ཡོད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།