18
Thu, Apr

བོད་ཀྱི་ས་མཚམས་ཀྱི་དམིག་མི་ཚོར་རྒྱ་གཞུང་གིས་མེ་སྒྱོགས་ཀྱིས་མཐུན་རྐྱེན་སྦྱར་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡ཚེས་༩ཉིན་སྤེལ། རྒྱ་ནག་གིས་ཉེ་ཆར་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་ལྗིད་ཚད་ཡངས་པའི་དམག་འཁོར་ཐང་ག་རིའི་ས་ཚུགས་ཤིག་གསར་འཛུགས་བྱས་རྗེས། ཧི་མ་ལའི་རི་རྒྱུད་དུ་གནས་པའི་རྒྱ་ནག་གི་དམག་མི་ཚོའི་དམག་ཤུགས་ཆེ་རུ་གཏོང་ཆེད། བོད་ཀྱི་ས་མཚམས་སུ་གནས་པའི་དམག་མི་ཚོར་མཐོ་སྒང་དུ་བགྲོད་ནུས་པའི་མེ་སྒྱོགས་ཀྱིས་མཐུན་རྐྱེན་བསྐྲུན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། རྒྱ་གཞུང་གིས་བོད་དབུས་ཁུལ་དུ་ཡོད་པའི་རྒྱ་ནག་བཅིངས་འགྲོལ་དམག་མི་རྣམས་ལ་མཐོ་སྒང་དུ་འགྲུལ་སྐྱོད་ནུས་པའི་མེ་སྒྱོགས་ཀྱི་ཆ་རྐྱེན་སྦྱར་འདུག་ཅིང་། དེ་ནི་མཐོ་སྒང་དུ་ཁོ་ཚོའི་འཐབ་འཛིང་ཀྱི་ནུས་པ་ཡར་རྒྱས་གཏོང་ཆེད་དམིགས་ཡོད་པ་དང་། ས་མཚམས་ལ་བདེ་འཇགས་ཡོང་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

༢༠༡༧ལོར། རྒྱ་གར་དང་རྒྱ་ནག་གཉིས་འབྲུག་གི་ས་ཆ་འབྲོག་ལམ་དུ་རྙོག་འཛིང་བྱུང་སྐབས། མཐོ་སྒང་དུ་འགྲུལ་སྐྱོད་ནུས་པའི་མེ་སྒྱོགས་དེ་མེ་སྒྱོགས་དམག་སྡེ་ཡིས་བེད་སྤྱོད་བཏང་ཡོད་འདུག

རྒྱ་གར་དང་རྒྱ་ནག་གཉིས་བར་ལོ་སྔོན་མ་ནས་དམག་དོན་གྱི་འབྲེལ་བའི་ཐད་ནས་ཞི་འཇམ་དང་རྒྱུན་ལྡན་ལྟར་ཡིན་རུང་། རྒྱ་ནག་གིས་མཐོ་སྒང་དུ་འགྲུལ་སྐྱོད་ནུས་པའི་མེ་སྒྱོགས་དང་ཐང་ག་རི་སོགས་ཀྱི་མཚོན་ཆ་གསར་བ་གསར་འཛུགས་བྱས་ནས་བཅིངས་འགྲོལ་དམག་མི་ལ་ནུས་ཤུགས་སྤྲོད་བཞིན་ཡོད་འདུག

བདུན་ཕྲག་སྔོན་མར། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་ལ་ཉེན་ཁ་དང་དཀའ་ངལ་ཡོང་བཞིན་ཡོད་པ་ན། དམག་མི་ཚོས་དམག་འཐབ་བྱེད་པ་གྲ་སྒྲིག་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། དམག་འཁྲུག་ལ་ག་དུས་ཡིན་ཡང་གྲ་སྒྲིག་བྱེད་དགོས་པའི་སྐོར་བཤད་འདུག

རྒྱ་ནག་གི་ས་མཚམས་གནད་དོན་ཡོངས་སུ་སེལ་མེད་པ་དང་། བོད་རང་བཙན་འཐབ་རྩོད་པ་དང་འཇིགས་སྐུལ་རིང་ལུགས་པ་སོགས་ཀྱིས་རྒྱ་ནག་ལ་དཀའ་ངལ་སྤྲོད་བཞིན་ཡོད་པ་ཆབ་སྲིད་དཔྱད་བརྗོད་པ་ཞིག་གིས་བརྗོད་འདུག