20
Sat, Apr

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲོལ་རྒྱུན་ཤེས་ཡོན་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་གནང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་རབས་རྒྱ་གར་གྱིས་སྲོལ་རྒྱུན་གྱི་སེམས་དང་ཀླད་པའི་ཤེས་ཡོན་ཐོག་ངེས་པར་དུ་དོ་སྣང་སྤྲོད་དགོས་པ་དང་། རྒྱ་གར་གྱི་དེང་གི་ཤེས་ཡོན་ནི་དབྱིན་ཇིའི་ཤན་ཞུགས་ཐེབས་ཡོད་པ་ཞིག་ཡིན་ཡང་། ང་ཚོས་རྒྱ་གར་ནང་གཅིག་པོར་དེང་དུས་ཤེས་ཡོན་དང་མཉམ་དུ་ཞི་བདེ་དང་ལྡན་པའི་སེམས་བསྐྲུན་པར་བྱེད་པའི་ཐབས་ལམ་ཞིག་མཐོང་གི་འདུག ཅེས་གུ་རུ་ཎ་ཎའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཐོག་ཏུ་བཀའ་སློབ་ལམ་སྟོན་གནང་འདུག

དེ་ཡང་༢༠༡༨ལོའི་ཟླ་༡༡ཚེས་༡༠ཉིན། ༸སྤྱི་ནོར་༸གོིང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་རུ་སི་ཁུ་ཆོས་ལུགས་ཀྱི་གུ་རུ་ཎ་ཎའི་འཁྲུངས་སྐར་ཐེངས་༥༥༠འཁོར་བའི་དྲན་རྟེན་མཛད་སྒོ་ཐོག་ཏུ་ཕེབས་ཡོད་པ་དང། མཛད་སྒོ་དེའི་ཐོག་ཏུ་ད་དུང་རྒྱ་གར་སྲིད་བློན་ཟུར་པ་མོ་ཧ་མོ་སྲིང་དང་འབུམས་རམ་པ་ཨན་བྷི་ཇེ་ཁོར། སྐྱེས་བུ་དམ་པ་བྷལ་བྷེར་སིང་སེ་ཆེ་ཝ་བཅས་ཀྱང་ཕེབས་ཏེ། གུ་རུ་ཎ་ཎའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད། མཛད་སྒོ་དེའི་ཐོག་ལ་༸གོང་ས་མཆོག་གིས་བཀའ་སློབ་གནང་དོན།

དེ་རིང་ངོས་གུ་རུ་ཎ་ཎའི་འཁྲུངས་སྐར་ཐེངས་༥༥༠འཁོར་བའི་དྲན་རྟེན་མཛད་སྒོ་ཐོག་ལ་བཅར་ཐུབ་པ་ནི་ངོས་ཀྱི་གཟི་བརྗིད་ཞིག་རེད། ངོས་ཀྱིས་གུ་རུ་ཎ་ཎའི་མི་ཚེའི་ལོ་རྒྱུས་ཐོག་ཞིབ་ཕྲ་ཤེས་ཀྱི་མེད་ཀྱང་། ངོས་རང་གིས་ཁོང་ལ་ཡི་རངས་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་ཁོང་ནི་ཧིན་རྡུ་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པའི་སྐྱེས་བུ་ཞིག་ཡིན་རུང་། མེ་ཁ་(Mecca)རུ་ཆོས་མཇལ་དུ་ཕྱིན་ནས་ཆོས་ལུགས་གཞན་པར་གུས་ཞབས་དང་བརྩི་མཐོང་གནང་བ་དེས་ངོས་རང་སེམས་འགུལ་ཐེབས་སུ་བཅུག་མྱོང་། འདི་ནི་རྒྱ་གར་ནང་ཆོས་ལུགས་འདྲ་མིན་རྣམས་མཉམ་དུ་འཚོ་ཐུབ་ཀྱི་ཡོད་པ་མཚོན་ཐུབ་ཀྱི་ཡོད་བཅས་དང་།

རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ནང་དུ་ཞི་གནས་དང་ལྷག་མཐོང་སྦྱོང་བརྡར་གནང་གི་ཡོད་པ་དང་། སྦྱོང་བརྡར་འདི་ཚོས་ཀླད་པའི་ལས་ཀ་བྱེད་ཕྱོགས་དང་སེམས་ལ་ཞི་བདེ་ཡོང་ཐབས་སོགས་ཀྱི་ཐད་ལ་ཕན་ཐོགས་ཀྱི་ཡོད། འདི་ནི་རྒྱ་གར་གྱི་སྲོལ་རྒྱུན་ཤེས་རིག་གི་བྱས་རྗེས་གཙོ་བོ་དེ་ཡིན་པ་དང་། གུ་རུ་ཎ་ཎ་དང་གཅེར་བུ་བའི་སྟོན་པ་མ་ཧ་ཝེ་ར། སངས་རྒྱས་བཅོམ་ལྡན་འདས་སོགས་ནི་རྒྱ་གར་གྱི་སྲོལ་རྒྱུན་ཤེས་རིག་གི་དེའི་འབྲས་བུ་ཞིག་རེད།

ཉེ་སྔོན་ངོས་ནང་པའི་དགེ་འདུན་པའི་ཚོགས་འདུ་ཞིག་ཏུ་ཞུགས་པ་ཡིན། སྐབས་དེར་ངོས་ཀྱིས་ཁོ་ཚོར་ངོས་ནི་ཁ་གསང་པོ་དང་སྟབས་བདེ་བྱེད་རྒྱུ་དགའ་བོ་ཡོད་ལབ་པ་ཡིན། ངོས་ཁོ་ཚོར་ཆོས་ལུགས་ཁ་ལ་འཁྱེར་ནས་རྙོག་འཛིང་བྱེད་པ་མཐོང་དུས། ཆོས་ལུགས་འདི་དག་དུས་རབས་༢༡་པའི་ནང་དགོས་ཀྱི་འདུག་གམ་མི་འདུག ཡང་བསྐྱར་ངོས་ཀྱིས་ཁོ་ཚོར་ཕྱིའི་དངོས་པོ་དང་སློབ་སྦྱོང་ཡར་རྒྱས་ཕྱིན་ཡོད་རུང་། ང་ཚོར་ཅིའི་ཕྱིར་དཀའ་ངལ་འཕྲད་ཀྱི་ཡོད་དམ་ཞེས་དྲིས་པ་ཡིན། ངོས་ཀྱི་བསམ་ཚུལ་ནི། དེང་དུས་ཀྱི་ཤེས་ཡོན་གྱིས་ཕྱིའི་དངོས་པོ་ཁོ་ནའི་དམིགས་ཡུལ་དང་ཕྱིའི་དངོས་པོའི་འཚོ་བ་ཡར་རྒྱས་ཡོང་བའི་ཆེད་ཁོ་ནར་དོ་སྣང་སྤྲད་པར་བརྟེན། མི་རྣམས་ཀྱིས་སེམས་ཀྱི་ཞི་བདེ་ཇི་ལྟར་ཡོང་ཐུབ་ཀྱི་ཡོད་མེད་ཤེས་ཀྱི་མེད་པ་དེ་རེད།

དེ་ལས་གནས་སྟངས་ཛ་དྲག་ཞིག་ནི་ང་ཚོ་འདིར་ཞི་བདེ་ངང་གནས་ཐུབ་རུང་། སེ་རེ་ཡ་དང་ཨ་ཧྥི་གྷ་ནེ་སི་ཐན་ནང་མི་རྣམས་ཀྱིས་ཆོས་ལུགས་ཁ་ལ་འཁྱེར་ནས་གསོད་རེ་བྱེད་ཀྱི་ཡོད། རྒྱལ་ཁབ་ཡ་མན་ལྟ་བུའི་ནང་བྱིས་པ་རྣམས་ལྟོགས་ཤི་ཐེབས་ཀྱི་ཡོད་པ་དང་། ཕྱུག་པོ་དང་དབུལ་པོ་བར་གྱི་ཁྱད་པ་ཧ་ཅང་ཆེན་པོ་རེད། ང་ཚོ་འགྲོ་བ་མིའི་རིགས་རྣམས་ཀྱིས་འདི་འདྲའི་སྡུག་བསྔལ་མྱོང་སྐབས། ང་ཚོས་ཇི་ལྟར་སྣང་མེད་བྱས་ནས་སྡོད་ཐུབ་བམ།

དཀའ་ངལ་འདི་དག་འབྱུང་བའི་རྩ་བ་ནི་བྱམས་བརྩེ་མེད་པའི་རྒྱུ་རྐྱེན་རེད། ལྷ་ལ་ཡིད་ཆེས་ཡོད་ན་རེད་མེད་ནའང་རེད། མིའི་བྱེད་སྟངས་ནི་གལ་ཆེན་པོ་རེད། མིས་གང་བྱེད་ཀྱི་ཡོད་པ་དེ་དག་མི་དེའི་ཀུན་སློང་ལ་ཐུག་བསྡད་ཡོད། དེ་འདྲ་སོང་ཙང། ང་ཚོས་ཇི་ལྟར་བྱམས་དང་སྙིང་རྗེ་ལྡན་པའི་སེམས་ཤིག་སྦྱོང་དགོས་པ་དེ་ཡིན། དེར་བརྟེན། ཆོས་ལུགས་ཀུན་གྱི་བསླབ་བྱ་འཚེ་མེད་ཞི་བ་དང་བྱམས་བརྩེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ལ། ཆོས་ལུགས་འདྲ་མིན་བར་རྩིས་མཐོང་བྱེད་དགོས་པ་དེའང་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན།

སྟབས་ལེགས་ཤིག་ལ་དེང་གི་རྒྱ་གར་ནང་དུ་ཆོས་ལུགས་དེ་ཚོ་བར་ཞི་མཐུན་ངང་གནས་ཡོད། དཔེར་ན། ད་ལྟ་བྷང་བྷེ་གྲོང་ཁྱེར་དུ་ཡོད་པའི་ ཏ་ཟིག་ནས་མཆེད་ཡོང་བའི་རྫ་ར་སི་ཐན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ལྟོས་དང་། ཁོ་ཚོ་ནི་ཧིན་རྡུ་དང་ཁ་ཆེ། ཡི་ཤུ་ཆོས་ལུགས་བཅས་ཀྱི་ཁྲོད་དུ་གནས་ཤིང་། ཁོ་ཚོར་མི་གྲངས་འབུམ་གཅིག་ལྷག་མ་གཏོགས་མེད་ན་ཡང་། འཇིགས་སྣང་མེད་པར་ཞི་བདེ་ངང་གནས་ཡོད། འདི་ནི་རྒྱ་གར་རེད། ངོས་ནས་རྒྱ་གར་ཀྱིས་དེ་ལས་མང་བ་བྱེད་དགོས་པ་དང་འཛམ་གླིང་མི་མང་ལ་ཆོས་ལུགས་འདྲ་མིན་ག་ཚོད་ཡོད་རུང་ཞི་བདེ་དང་མཛའ་མཐུན་ངང་གནས་ཐུབ་པ་སྟོན་དགོས་པར་འདོད་ཀྱི་ཡོད།

དེ་འདྲ་སོང་ཙང་། ཆོས་ལུགས་ད་དུང་ཡིན་ཡང་འཛམ་གླིང་འདིའི་ནང་དགོས་ཤིང་འབྲེལ་བ་ཡོད་པ་ཞིག་ཡིན། དེར་ལྷ་ཡོད་ན་རེད་མེད་ན་རེད། སྐྱེས་བ་སྔ་ཕྱི་ཡོད་ན་རེད་མེད་ན་རེད། ཐར་པ་ཐོབ་ན་རེད་མ་ཐོབ་ན་རེད། ཆོས་ལུགས་གང་ཞིག་ལ་ལྟ་གྲུབ་ཅི་ཞིག་ཡོད་ཀྱང་རུང་། ཆོས་ལུགས་ཚང་མས་བརྩེ་བ་བཤད་ཀྱི་ཡོད་རེད། དེང་རབས་རྒྱ་གར་གྱིས་སྲོལ་རྒྱུན་གྱི་སེམས་དང་ཀླད་པའི་ཤེས་ཡོན་ཐོག་ངེས་པར་དུ་དོ་སྣང་སྤྲོད་དགོས་པ་དང་། རྒྱ་གར་གྱི་དེང་གི་ཤེས་ཡོན་ལ་དབྱིན་ཇིའི་ཤན་ཞུགས་ཐེབས་ཡོད་པ་ཞིག་ཡིན་ཡང་། ང་ཚོས་རྒྱ་གར་ནང་གཅིག་པོར་དེང་དུས་ཤེས་ཡོན་དང་མཉམ་དུ་ཞི་བདེ་དང་ལྡན་པའི་སེམས་ཤིག་བསྐྲུན་པར་བྱེད་པའི་ཐབས་ལམ་ཞིག་མཐོང་གི་འདུག ཅེས་གསུངས་འདུག