19
Fri, Apr

གོ་མཚོན་ཐོགས་པའི་མིས་་ཕྲུག་གུ་༧༩གཏན་སྡོད་སློབ་གྲྭ་ཞིག་ནས་བཙན་ཁྲིད་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དེ་ཡང་༢༠༡༨ལོའི་ཟླ་༡༡་ཚེས་༥ཉིན། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁེམ་མེ་རོན་གྱི་ནུབ་ཕྱོགས་བྷ་མེན་གྷ་ལ་ཡོད་པའི་ཡེ་ཤུའི་གཏན་སྡོད་སློབ་གྲྭ་ཞིག་གི་ནང་དུ་གོ་མཚོན་ཐོགས་པའི་མི་ཁ་ཤས་འཛུལ་ནས། སྒོ་སྲུང་བར་བཙན་ཚུགས་དང་འཇིགས་སྣང་སྐུལ་ཏེ། ཕྲུག་གུ་ཕོ་མོ་༧༩་ཕྱིར་ཁྲིད་ཡོད་པ་དང་། དེ་ནས་སློབ་གྲྭའི་སྣུམ་འཁོར་ཆུང་ཆུང་ཞིག་གི་ནང་དུ་བཞག་སྟེ་འགྲོ་ཐབས་བྱས་ཀྱང་། ཁ་ལོ་བས་སྣུམ་འཁོར་སྐྱོན་ཤོར་ཡོད་མདོག་བྱས་པས། བཙན་ཁྲིད་པས་ཕྲུག་གུ་རྣམས་རྐང་ཐང་དུ་ཁྲིད་ཡོད་འདུག

དེ་རྗེས་ས་ཁུལ་དེའི་དམག་མི་དང་ཉེན་རྟོག་པ་སོགས་ཀྱིས་ཐད་འཕུར་གནམ་གྲུ་རྒྱུད་ནས་་ཕྲུག་གུ་དེ་ཚོ་བཙལ་བཞིན་ཡོད་པ་དང་། ཤེས་ཚོད་ལྟར་ན། ཕྲུག་གུ་དེ་ཚོ་སྡེ་ཚན་འདྲ་མིན་ནང་ཁ་ཐོད་དུ་བཏང་ཡོད་འདུག་ཟེར། ཉིན་གསུམ་གྱི་སྔོན་དུ་སློབ་གྲྭ་དེའི་འགན་འཛིན་ཡང་བཙན་ཁྲིད་བྱས་ཡོད་པ་བརྗོད་འདུག སུས་བཙན་ཁྲིད་བྱས་ཡོད་པ་བརྗོད་མི་ཐུབ་རུང་། ཉེ་སྔོན་ཨན་གྷ་ལོ་ཧྥོ་ས་ཁུལ་དེར་གོ་མཚོན་ཐོགས་པའི་ཁ་བྲལ་བས་ཡང་ཡང་རྙོག་དྲ་སློང་གི་ཡོད་པ་དང་། ལོ་འདིའི་ཟླ་༩པའི་ནང་ཕྲུག་གུ་བདུན་དང་དགེ་རྒན་བཅས་བཙན་ཁྲིད་བྱས་ནས་མནར་གཅོད་བཏང་བ་དང་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་པ་རེད་འདུག

༢༠༡༧ལོ་ནས་བཟུང་། ཨན་གྷ་ལོ་ཧྥོ་ཞིང་ཆེན་ནང་དུ་རང་བཙན་གཙང་མ་དགོས་པའི་ངོ་རྒོལ་བྱེད་མགོ་བཙུགས་ཡོད་པ་དང་། མཚམས་རེར་དམག་སྒར་དེ་འདྲར་བཙན་རྒོལ་བྱས་པ་དང་། མཚམས་རེར་སློབ་གྲྭར་གནོད་འཚེ་བྱེད་བཞིན་ཡོད་འདུག

ཁེམ་མེན་རོན་གྱི་སྲིད་འཛིན་ཕོབ་བྷེ་ཡ་ནི་སྲིད་འཛིན་དུ་བསྡད་དེ་ལོ་ངོ་༣༦འགྲོ་བཞིན་ཡོད་པ་དང་། ཁ་བྲལ་བ་དེ་ཚོས་སྲིད་འཛིན་གྱིས་དམག་མི་བཏང་ནས་གོ་མཚོན་ཐོགས་པའི་ཁ་བྲལ་བ་དེ་ཚོ་དང་དབྱིན་སྐད་བཤད་མཁན་རྣམས་ལ་དྲག་པོ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་རུང་། དགུང་ལོ་༨༥་ལ་སོན་པའི་སྲིད་འཛིན་ཕོབ་བྷེ་ཡ་ཡིས་ངོས་ལེན་བྱས་མེད་པ་རེད།