20
Sat, Apr

༢༠༡༨ལོའི་བོད་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཐའེ་བོད་བདེ་དོན་ཚོགས་པའི་ཚོགས་གཙོ་ཆན་ཏ་ཡིས་བརྗོད་དོན། ཐའེ་ཝན་གྱིས་རང་བཙན་མ་གླེང་ན་གཞན་ཅི་ཡང་གླེང་ཆོག ཅེས་རྒྱ་གཞུང་གིས་བརྗོད་དེ་རྣམ་འགྱུར་ལྷོད་པོ་ཞིག་སྟོན་བཞིན་ཡོད་ན་ཡང་། དབུ་མའི་ལམ་དུ་བསྐྱོད་དེ་རང་སྐྱོང་རྩོད་མཁན་གྱི་ཏཱ་ལའི་བླ་མ་མཆོག་གི་རེ་འདུན་དེ་དང་ལེན་བྱེད་ཀྱི་མེད་སྟབས། ཐའེ་ཝན་གྱིས་དེ་ལས་བསླབ་བྱ་ལེན་དགོས་པ་ཞིག་རེད། གནད་འགག་གཙོ་བོ་དེ་ནི། རྒྱ་གཞུང་ལ་སྟངས་འཛིན་བྱེད་པའི་ནུས་པ་ཡོད་དང་མེད་པ་དེ་ཡིན་ཞིང་། ང་ཚོས་ནམ་རྒྱུན་གླེང་གི་ཡོད་པ་ལྟར། དེ་རིང་གི་བོད་ནི། ཕལ་ཆེར་སང་ཉིན་གྱི་ཐའེ་ཝན་ཡིན་པ་དང་། དེ་ནི་ང་ཚོའི་སེམས་ཁྲལ་ཡིན། ཞེས་བརྗོད་འདུག

དེ་ཡང་༢༠༡༨ལོའི་ཟླ་༡༠ཚེས་༡༣ཉིན། ཐའེ་ཝན་ནས་༢༠༡༨ལོའི་བོད་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་ཚོགས་འདུག་ཅིང་། བགྲོ་གླེང་དེ་ནི་ཏཱ་ལའི་བླ་མ་བོད་རྒྱུད་ནང་བསྟན་ཐེབས་རྩ་ཁང་གིས་ལམ་སྟོན་དང་ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གི་རྒྱབ་སྐྱོར་འོག ཐའེ་ཝན་རྒྱ་བོད་གྲོགས་པོ་ཚོགས་པ་དང་༢༢༨་རྒྱལ་ཁབ་དྲན་རྟེན་ཁང་སོགས་ཀྱིས་གོ་སྒྲིག་གནང་བ་ཞིག་རེད་འདུག བགྲོ་གླེང་གི་བརྗོད་གཞི་ནི། རྒྱ་ནག་གི་སྐབས་༡༩པའི་ཚོགས་ཆེན་སྐབས་སུ་རྩ་ཁྲིམས་ལ་བཅོས་སྒྱུར་བྱས་པ་དེས་མི་རིགས་ཀྱི་གནད་དོན་དང་། ཧོང་ཀོང་གི་གནད་དོན། ཐའེ་ཝན་གྱི་གནད་དོན་བཅས་ཀྱི་ཐད་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཡོད་པའི་སྐོར་རེད་འདུག སྐབས་དེར། ཐའེ་བོད་བདེ་དོན་ཚོགས་པའི་ཚོགས་གཙོ་ཆན་ཏས་འདི་ལྟར་བརྗོད་དོན། མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱིན་ཡོད་པ་ནི། དེ་རིང་གི་བོད་ནི། ཕལ་ཆེར་སང་ཉིན་གྱི་ཐའེ་ཝན་ཡིན་པ་དང་། རྒྱ་གཞུང་གིས་འགལ་བ་ཆེན་མོ་གསུམ་མ་སེལ་བར་དུ་སེམས་ཁྲལ་དེ་ཡལ་རྒྱུ་མ་རེད། ཅེས་བརྗོད་འདུག

བགྲོ་གླེང་གནང་མཁན་ནི་ཕྱོགས་སོ་སོ་ནས་མཁས་པ་ཁ་ཤས་གདན་དྲངས་འདུག་ཅིང་། ཧོང་ཀོང་ནས་ཕེབས་པའི་ཆན་ཌི་ཅན་དང་ཀྲིག་ཧན་ཧ་སོགས་ཀྱིས་བོར་བརླག་ཏུ་འགྲོ་བཞིན་པའི་ཧོང་ཀོང་ཞེས་པའི་བརྗོད་གཞི་ཐོག་ཏུ་གཏམ་བཤད་གནང་ཞིང་། ཏཱ་ལའི་བླ་མ་བོད་རྒྱུད་ནང་བསྟན་ཐེབས་རྩ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་བཅུ་གསུམ་བར་གྱི་བོད་དང་མན་ཇིའི་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་། དེ་ནས་ཀྲོན་ཤིན་མཐོ་སློབ་ཀྱི་རྒྱལ་སྤྱིའི་སྲིད་དོན་ཞིབ་འཇུག་པ་དགེ་རྒན་ཆེན་མོ་ཁྲིན་མིའུ་མེན་གྱིས་དེང་གི་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་ཀྱི་བོད་པའི་གནད་དོན། རྒྱ་གར་དང་ཡུ་རོབ་རྒྱལ་ཁབ་རྣམས། ཐའེ་ཝན་བཅས་ཀྱི་བོད་དོན་ལ་བཟུང་བའི་རྣམ་འགྱུར། ཞེས་པའི་བརྗོད་གཞིའི་ཐོག་ལ་གཏམ་བཤད་གནང་ཞིང་། བོད་ཀྱི་སྤྱི་འཐུས་ཚེ་རིང་ལྷ་མོས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནོད་སྐྱོན་ཐད་ནས་གཏམ་བཤད་གནང་འདུག

བགྲོ་གླེང་གི་སྐབས་སུ། ཐའེ་བོད་བདེ་དོན་ཚོགས་པའི་ཚོགས་གཙོ་ཆན་ཏས་འདི་ལྟར་བརྗོད་དོན། རྒྱ་ནག་ལ་འགལ་བ་ཆེན་པོ་གསུམ་ཡོད་པ་དང་། འགལ་བ་དང་པོ་དེ་ནི། རྒྱ་ནག་གི་སྐྱོན་དང་ལྡན་པའི་མང་གཙོའི་ལམ་ལུགས་དེ་ནི་མང་གཙོ་ལམ་ལུགས་ངོ་མར་སྒྲོག་གི་ཡོད་པ་ཡིན་ཞིང་། འགལ་བ་གཉིས་པ་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་བརྗོད་དེ་མ་རྩ་རིག་ལུགས་ཀྱི་ལམ་ཁའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་ཅིང་། དེ་ནི་རྒྱ་ནག་གི་བསམ་བློའི་འགལ་བ་ཆེན་པོ་ཞིག་ཡིན། འགལ་བ་གསུམ་པ་ནི། རྒྱ་གཞུང་གིས་བོད་དང་ཧོང་ཀོང་། ཨོ་མིན། ཐའེ་ཝན་བཅས་ལ་བཟུང་བའི་རྣམ་འགྱུར་མི་མཚུངས་པར་བརྟེན་ནས་འགལ་བ་འབྱུང་གི་ཡོད་པ་དེ་ཡིན།

དེར་བརྟེན། བོད་དོན་དང་ཐའེ་ཝན་གྱི་གནད་དོན་ཐད་ནས། ཐའེ་བོད་བདེ་དོན་ཚོགས་པའི་ཚོགས་གཙོ་ཆན་ཏས་འདི་ལྟར་བརྗོད་དོན། རྒྱ་གཞུང་གིས། ཐའེ་ཝན་གྱིས་རང་བཙན་མ་གླེང་ན་གཞན་ཅི་ཡང་གླེང་ཆོག ཅེས་བརྗོད་དེ་རྣམ་འགྱུར་ལྷོད་པོ་ཞིག་སྟོན་བཞིན་ཡོད་ན་ཡང་། དབུ་མའི་ལམ་དུ་བསྐྱོད་དེ་རང་སྐྱོང་རྩོད་མཁན་གྱི་ཏཱ་ལའི་བླ་མའི་རེ་འདུན་དེ་དང་ལེན་བྱེད་ཀྱི་མེད་སྟབས། ཐའེ་ཝན་གྱིས་དེ་ལས་བསླབ་བྱ་ལེན་དགོས་པ་ཞིག་རེད། གནད་འགག་གཙོ་བོ་དེ་ནི། རྒྱ་གཞུང་ལ་སྟངས་འཛིན་བྱེད་པའི་ནུས་པ་ཡོད་དང་མེད་པ་དེ་ཡིན་ཞིང་། ང་ཚོས་ནམ་རྒྱུན་གླེང་གི་ཡོད་པ་ལྟར། དེ་རིང་གི་བོད་ནི། ཕལ་ཆེར་སང་ཉིན་གྱི་ཐའེ་ཝན་ཡིན་པ་དང་། དེ་ནི་ང་ཚོའི་སེམས་ཁྲལ་ཡིན། དེར་བརྟེན། ང་ཚོས་ངེས་པར་དུ་རྒྱ་ནག་ལ་འདི་ལྟར་བཤད་དགོས་ཏེ། རྒྱ་ནག་ནི་འགལ་བ་ཆེན་པོ་དེ་གསུམ་གྱི་ཁྲོད་དུ་གནས་ཡོད་པས། ངེས་པར་དུ་འགལ་བ་དེ་དག་གསལ་པོར་བཟོ་དགོས། ཞེས་བརྗོད་འདུག

རྒྱ་གཞུང་གི་ཚོགས་ཆེན་བཅུ་དགུའི་རྗེས་ནས། རྒྱ་ནག་གི་སྒེར་གཅོད་ཀྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་པའང་བརྗོད་ཀྱིན་འདུག