25
Thu, Apr

རྒྱ་ནག་གི་དམག་མི་རྒན་ཡོལ་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༦ནས༨ཉིན། རྒྱ་ནག་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཧྲན་ཏོང་ནས་དམག་མི་རྒན་ཡོལ་པ་༡༠༠སྐོར་ཞིག་ཡར་ལངས་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག ངོ་རྒོལ་བྱེད་དོན་ནི། ཟླ་ཤས་སྔོན་དུ་གཞུང་ལ་ཞུ་གཏུགས་བྱེད་མཁན་གྱི་དམག་མི་རྒན་ཡོལ་པ་ཚོར་གཅེར་རྡུང་བྱས་པར་གཞུང་ནས་དགོངས་དག་ཞུ་དགོས་པ་དང་། དམག་མི་རྒན་ཡོལ་པ་ཚོར་སྣེ་ལེན་དང་ལྟ་རྟོག་གི་ཐད་ནས་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུ་བཞིན་འདུག

དེ་ཡང་། ༢༠༡༨ལོའི་ཟླ་༦པའི་ནང་དུ། རྒྱ་ནག་གི་ས་གནས་གང་ས་ནས་ཕེབས་པའི་དམག་མི་རྒན་ཡོལ་པ་བརྒྱ་སྐོར་ཞིག་ཅང་ཧྲོ་ཞིང་ཆེན་གྱི་ཀྲིན་ཅང་ཞེས་པའི་ས་གནས་སུ་འཛོམས་ཏེ་གཞུང་ལ་ངོ་རྒོལ་བྱས་འདུག་ཅིང་། ཟླ་བ་གསུམ་གྱི་རྗེས་ནས་སླར་ཡང་ཧྲན་ཏོང་ཞིང་ཆེན་ནས་དམག་མི་རྒན་ཡོལ་པ་ཚོའི་འཚོ་བའི་ཆེད་དུ། དམག་མི་རྒན་ཡོལ་པ་མང་པོ་ཞིག་གིས་འཕྲེད་དར་སོགས་ཁྱེར་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་བསྟན་འདུག སྐབས་དེར། གཞུང་ཕྱོགས་ནས་དམག་མི་མང་པོ་བཏང་སྟེ་ངོ་རྒོལ་གྱི་རྣམ་པ་འཇགས་ཐབས་གནང་འདུག་པར་མ་ཟད། ས་གནས་གཞན་དུའང་དམག་མི་འབོར་ཆེན་བཏང་སྟེ་ངོ་རྒོལ་བྱེད་མཁན་བཀག་འགོག་བྱེད་པའི་གྲ་སྒྲིག་བྱས་འདུག

༢༠༡༨ལོའི་ཟླ་༡༠ཚེས་༦ཉིན། དམག་མི་རྒན་ཡོལ་པ་མང་པོ་ཞིག་གིས་ལག་ཏུ་འཕྲད་དར་སོགས་བཟུང་ནས་སྲང་ལམ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པ་ན། གཞུང་གིས་དམག་མི་འབོར་ཆེན་བཏང་སྟེ། དམག་མི་རྒན་ཡོལ་པ་ཚོ་བཙན་གྱིས་ཁ་ཁར་བཏང་བ་དང་། ལ་ལར་རྡུང་རྡེག་བཏང་བ། ལ་ལར་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་སྐྱེལ་འདུག དམག་མི་རྒན་ཡོལ་པ་ཁ་ཤས་ཀྱིས་ཀྱང་ལག་ཏུ་དབྱུག་པ་དང་མེ་གསོད་ཆས་སོགས་བཟུང་སྟེ་གཞུང་གི་དམག་མི་ཚོར་ཁ་གཏད་བྱེད་ཀྱིན་འདུག

ལི་ཆིན་ནི་ཚེས་དྲུག་གི་ཉིན་ལ་ཧྲན་ཏོང་ནས་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དམག་མི་རྒན་པ་རྨས་མ་ཞིག་ཡིན་ཞིང་། ཁོས་གསར་ལམ་ཁག་ཏུ་འདི་ལྟར་བརྗོད་དོན། ཚེས་དྲུག་གི་ཉིན། དམག་མི་རྒན་ཡོལ་པ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱེད་སའི་ས་ཆ་གལ་ཆེན་ཞིག་བཟུང་པ་ཡིན། མིག་སྔར། དམག་མི་རྒལ་ཡོལ་པ་མང་པོ་ཞིག་གཞུང་དམག་གིས་བཙན་གྱིས་ཁ་ཁར་བཏང་བ་དང་། ཁ་ཤས་ཤིག་ཕྱིར་ཁྱིམ་དུ་ལོག ཁ་ཤས་ཤིག་ས་གནས་ཀྱི་གྲོང་ཁྱེར་དུ་བཏང་བ། ད་དུང་དམག་མི་རྒན་ཡོལ་པ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཁ་ཤས་ཤིག་ལ་རྡུང་རྡེག་བཏང་སྟེ་སྨན་ཁང་དུ་སྐྱེལ་ཡོད། ཅེས་འགྲེལ་བརྗོད་གནང་གི་འདུག

ལི་ཆིན་གྱིས་མུ་མཐུད་ནས་འདི་ལྟར་བརྗོད་དོན། དོན་རྐྱེན་འདིའི་འབྱུང་རྐྱེན་གཙོ་བོ་ནི། གཟའ་འཁོར་སྔོན་མར་དམག་མི་རྒན་ཡོལ་པ་མང་པོ་ཞིག་པེ་ཅིན་ལ་ཞུ་གཏུགས་བྱེད་དུ་འགྲོ་བའི་སྐབས་སུ། ས་གནས་ཀྱི་ཉེན་རྟོག་པ་ཁ་ཤས་ཀྱིས་དམག་མི་རྒན་ཡོལ་པ་དེ་ཚོར་དོགས་འདྲི་དང་། ཁ་ཤས་ལ་གཅེར་རྡུང་བཏང་སྟེ་རྨས་སྐྱོན་ཡང་ཕོག ཁོ་ཚོ་ནི་རང་ཉིད་ཀྱི་འཚོ་བའི་ཆེད་དུ་གཞུང་ལ་ཞུ་གཏུགས་བྱེད་དུ་འགྲོ་བཞིན་ཡོད་པ་ཞིག་རེད། ཅེས་བརྗོད་འདུག

༢༠༡༨ལོའི་ཟླ་༡༠ཚེས་༦ཉིན་ཧྲན་ཏོང་ནས་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་ནི། ཧིན་ནན་ཞིང་ཆེན་དང་། ཀྲེ་ཅང་ཞིང་ཆེན། ཧྥི་ཅན་ཞིང་ཆེན་བཅས་ནས་ཡོང་བར་བརྗོད་ཅིང་། དཔྱོད་བརྗོད་པས་བརྗོད་ན། དམག་མི་རྒན་ཡོལ་པ་ཚོས་རང་ཉིད་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ལས་འགུལ་གྱི་རྣམ་པ་བསྟུད་མར་བྱུང་བ་འདི་ནི། རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་དང་དམག་དོན་བཅོས་སྒྱུར་བཅས་ཀྱི་ཐད་ཀྱི་ལོ་རྒྱུས་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་། དེང་གི་ཚད་མཐོ་བའི་འཕྲུལ་ལས་ལག་རྩལ་གྱི་ཕྱོགས་སུ་རིམ་གྱིས་བསྐྱོད་ཀྱིན་པའི་རྒྱ་ནག་གི་དམག་དོན་སྒྲིག་གཞི་ལ་བཅོས་སྒྱུར་དགོས་པ་ལས། དམག་མི་རྒན་པ་ཚོའི་འཚོ་བ་ཙམ་ཞིག་དང་། ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་ཙམ་ཞིག་མ་རེད། ཅེས་བརྗོད་ཀྱིན་འདུག

གཞན་ཡང་། ཚེས་དྲུག་གི་ཉིན་ལ་དམག་མི་རྒན་ཡོལ་པ་ཚོས་ཧྲན་ཏོང་ནས་གཞུང་ལ་ངོ་རྒོལ་བྱེད་སྐབས། རྒྱ་མི་ཞིག་གིས་དམག་མིའི་རླུང་འཁོར་བང་སྒྲིག་ཡོད་པ་རྣམས་ལ་བརྙན་ཐུང་རྒྱག་ཤོར་དུ་འགྲེལ་བརྗོད་བྱེད་དོན། འདིར་ལྟོས་དང་། རླུང་འཁོར་དང་འཕྲུལ་ཆས་འདི་དག་ནི་ཉི་ཧོང་དང་གུང་མིན་ཏང་ལ་དམག་རྒྱག་པའི་འཕྲུལ་ཆས་རེད། འོན་ཀྱང་དེ་རིང་འདི་ཚོ་རང་ཉིད་རྒྱལ་ཁབ་ལ་ལོ་མང་རིང་ཞབས་ཞུ་སྒྲུབ་མྱོང་བའི་དམག་མི་རྒན་ཡོལ་རྣམས་ཀྱི་སྒང་དུ་བེད་སྤྱོད་གཏོང་བཞིན་འདུག་ཅེས་སྐྱོ་གཏམ་དང་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག

ཉེ་བའི་ལོ་ཤས་ཀྱི་རིང་ལ། རྒྱ་ནག་གི་དམག་མི་རྒན་ཡོལ་པ་ཚོ་སྲང་ལམ་དུ་བུད་དེ་རྔམ་སྟོན་ཁྲོམ་སྐོར་གྱིས་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་པ་ནི་དོན་དག་གསར་པ་ཞིག་མིན་ཞིང་། དེས་རྒྱ་ནག་གི་དམག་དོན་སྒྲིག་གཞི་ལ་བཅོས་སྒྱུར་བྱེད་དགོས་པའི་རྣམ་པ་སྟོན་བཞིན་ཡོད་སྐོར་བརྗོད་ཀྱིན་འདུག བརྒྱུད་ལམ་ཁག་ནས་ཤེས་ཚོད་ལྟར་ན། དེང་སྐབས་རྒྱ་ནག་ཏུ་རྒན་ཡོལ་བྱས་པའི་དམག་མི་ཁྲི་༥༧༠༠ཡོད་པར་བརྗོད་ཀྱི་འདུག