18
Thu, Apr

ཧིན་རྡི་ནི་ཤེ་ཡར་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆགས་བྱུང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༩པའི་ཚེས་༢༨ ཉིན། ཧིན་རྡི་ནི་ཤི་ཡའི་སུ་ལ་ཝེ་སི་གླིང་ཕྲན(Sulawesi )གྱི་གྲོང་ཁྱེར་པཱ་ལོ(Palu)འི་ནང་དུ་ཚད་རིམ་༧.༥ཅན་གྱི་ས་ཡོམ་དང་། མཐོ་ཚད་ལ་རྨི་༣ཅན་གྱི་མཚོ་རླབས་ཀྱི་འཇིགས་པ་བྱུང་སྟེ། ཧ་ལམ་མི་༨༤༤ རྐྱེན་ལམ་དུ་ཕྱིན་ཡོད་འདུག

དེ་ཡང་། གྲོང་ཁྱེར་པཱ་ལོ(Palu)ནི་མི་གྲངས་༣༥༠༠༠༠ལྷག་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། མཚོ་ཁར་ཆགས་པའི་གྲོང་ཁྱེར་ཞིག་ཀྱང་ཡིན། ཚེས་༢༨ ཉིན། གྲོང་ཁྱེར་དེར་ཚད་རིམ་༧.༥ཅན་གྱི་ས་ཡོམ་བརྒྱབ་ཡོད་པ་དང་། ས་ཡོམ་ཆེན་པོ་དེར་བརྟེན་ནས་མཐོ་ཚད་ལ་རྨི་༣ཅན་གྱི་མཚོ་རླབས་ཀྱང་བྱུང་སྟེ། མཁའ་ལམ་དང་མཚོ་ལམ། རྒྱ་ལམ་དང་ཟམ་པ། མིའི་སྡོད་གནས་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་པར་མ་ཟད། མི་གྲངས་༨༤༤ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གཞན་ཡང་། དྲ་ལམ་འབྲེལ་མཐུད་སོགས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པས། གནོད་ཐེབས་ས་ཁུལ་ལ་འཕྲལ་དུ་རོགས་སྐྱོར་གནང་ཐུབ་མེད་ཀྱང་། ད་ལྟ་གཞུང་ཕྱོགས་ནས་མྱུར་སྐྱོབ་བྱེད་དང་བྱེད་བཞིན་པ་རེད་འདུག

གཟའ་ཟླ་བ་ཉིན། ས་ཡོམ་དང་མཚོ་རླབས་ཀྱི་འཇིགས་པ་བྱུང་རྗེས་ཀྱི་ནད་ཡམས་མི་མཆེད་པ་དང་ནད་ཡམས་སྔོན་འགོག་ཆེད། རྐྱེན་ལམ་དུ་ཕྱིན་པའི་མི་རྣམས་ཀྱི་ཕུང་པོ་མེར་སྲེག་བཏང་ཞིང་། གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། མི་ས་ཡ་གཉིས་ལྷག་ལ་ནད་ཡམས་འགོས་ཡོད་པ་དང་། མི་དྲུག་བརྒྱ་སྨན་ཁང་དུ་ཡོད་པ། མི་ཁྲི་བཞི་བརྒྱད་སྟོང་གནས་སྤོ་བྱེད་དགོས་པ་བཅས་བརྗོད་ཀྱིན་འདུག་པར་མ་ཟད། ད་དུང་ཡང་ནད་ཡམས་སོགས་གོད་ཆག་འབྱུང་ངེས་པར་བརྗོད་ཀྱིན་འདུག

ཐེངས་འདིའི་ས་ཡོམ་ཁྲོད་ནས་གནོད་ཐེབས་ས་ཁུལ་ལ་གནོད་སྐྱེན་ཚབས་ཆེན་ཕོག་དོན་ནི། ཚད་རིམ་བདུན་ཚེག་ལྔ་ཅན་གྱི་ས་ཡོམ་ཆེན་པོ་ཞིག་བརྒྱབ་མ་ཐག མཚོ་ལ་གཡོ་སྐྱོམ་ཐེབས་ཏེ་མཚོ་རླབས་ཀྱི་འཇིགས་པ་བྱུང་བས་ཡིན་པར་བརྗོད་ཀྱིན་འདུག སྤྱིར། ཧིན་རྡི་ནི་ཤི་ཡ་ནི་ས་ཡོམ་གྱི་ཉེན་ཁ་ཆེ་བའི་ས་བབ་ཅིག་ཡིན་པ་དང་། ལོ་འདིར་ཐེངས་ཁ་ཤས་སུ་ས་ཡོམ་བྱུང་སྟེ་འགྲུམ་འགྲུལ་དང་སྡོད་ཁང་སོགས་ལ་གནོད་སྐྱོན་ཐེབས་ཡོད་པ་དང་། ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ནི་ཚབས་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས། ཐེངས་འདིའི་ཧིན་རྡི་ནི་ཤི་ཡའི་གྲོང་ཁྱེར་པཱ་ལོ་སོགས་ལ་ས་ཡོམ་དང་མཚོ་རླབས་ཀྱི་འཇིགས་པ་བྱུང་མ་ཐག གདུང་སེམས་མཉམ་སྐྱེད་དང་རོགས་རམ་གནང་འདུག་ཅིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀྱང་ཐུགས་སྨོན་གསོལ་འདེབས་དང་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག་པར་མ་ཟད། ཨ་སྒོར་ཁྲི་ལྔའི་ཞལ་འདེབས་ཀྱང་གནང་འདུག

དེ་ཡང་ཁོང་གི་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན། “སུ་ལ་ཝེ་སི་གླིང་ཕྲན(Sulawesi )དུ་ས་ཡོམ་དང་མཚོ་རླབས་ཤུགས་ཆེ་འོག་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་སོགས་ལ་གཏོར་སྐྱོན་ཚབས་ཆེ་བྱུང་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་སྟབས་ངོས་ལ་བློ་ཕམ་ཧ་ཅང་བྱུང་། ངོས་ཀྱིས་སྐུ་ཉིད་མཆོག་དང་གོད་ཆག་འོག་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་སྤུན་མཆེད། དེ་བཞིན་རྨས་སྐྱོན་ཕོག་པའི་མི་མང་པོ་ཞིག་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་བཞིན་ཡོད། སྤྱིར་རྨས་མ་རྣམས་ལ་སྨན་བཅོས་དང་ངལ་སེལ་ལས་གཞི་སོགས་ཚགས་ཚུད་འགྲོ་བཞིན་ཡོད་པ་ཕྲན་ལ་ཤེས་རྟོགས་ཡོད་ཀྱང་ངོས་ཀྱིས་གདུང་སེམས་མཉམ་སྐྱེ་མཚོན་སླད་སལ་སེལ་རོགས་དངུལ་གཞིའི་ཆེད་ཏཱ་ལའི་བླ་མའི་ཐེསབ་རྩ་བརྒྱུད་ཨ་སྒོར་ཁྲི་ལྔ་ཞལ་འདེབས་འབུལ་རྒྱུ་ཡིན། སྤྱིར་༡༩༨༢ ལོར་ཕྲན་རང་ཉིད་ཨིན་ཌོ་ནེ་ཤི་ཡའི་བྷུ་རུ་བྷོ་དུར་ (Borobudur )ནང་པའི་གནས་ཆེན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་བྱིན་ཅན་ཞིག་ཡོད་པ་དེ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། “ ཞེས་བཀོད་འདུག