19
Fri, Apr

༸གོང་ས་མཆོག་ལ་༢༠༡༨ལོའི་གྷན་ངྷི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་གཏན་ཁེལ་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན། རྒྱ་གར་ཧིན་ངྷུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༨ ཟླ་ ༩ ཚེས་ ༡༨ ཉིན་གྷན་ངྷི་གོ་ལ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ཨེ་སི་ཝི་ཀེ་ཡན་(S. Vijayan) ལགས་ཀྱིས། ༢༠༡༨་ལོའི་གྷན་ངྷི་འཚེ་མེད་ཞི་བའི་གཟེངས་རྟགས་དེ། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དབུལ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་འདུག

གྷན་དྷི་འཚེ་མེད་ཞི་བའི་གཟེངས་རྟགས་འདི་ནི་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་ཤིག་ཡིན་པ་དང་། ༡༩༩༨ ལོ་ནས་དངོས་སུ་འབུལ་མགོ་ཚུགསཤིང་། ད་བར་ཐེངས་ ༢༠ ལ་སྤྲད་ཡོད་འདུག གཟེངས་རྟགས་འདི་ནི་རྒྱ་གར་གྱི་འཚེ་མེད་ཞི་བའི་མེས་པོ་དམ་པ་གྷན་དྷི་མཆོག་གི་མིའི་རིགས་ལ་གནང་བའི་འཚེ་མེད་ཞི་བའི་བཀའ་དྲིན་རྗེས་དྲན་དང་། འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་མཁན་ཚོར་ཆེ་མཐོང་དང་གཟེངས་བསྟོད་དུ་འབུལ་གྱི་ཡོད་འདུག་ཅིང་། ཆོས་ལུགས་ལས་དོན་ཐད་བྱས་རྗེས་ཅན་དང་ཆབ་སྲིད་པ། སྤྱི་ཚོགས་ཞབས་ཞུ་བ། ཚོང་པ། འགྲོ་བ་མིའི་བདེ་དོན་ཐད་ཕྱག་ལས་གནང་མཁན་ཚོར་འབུལ་བཞིན་ཡོད་འདུག

ད་དུང་གོང་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་གྷན་ངྷི་འཚེ་མེད་ཞི་བའི་གཟེངས་རྟགས་འདི། རྒྱ་གར་གྲོས་ཚོགས་དཔལ་འབྱོར་བློན་ཆེན་སྐུ་ཞབས་ཨ་རན་རྗེ་ཊི་ལེ་(Arun Jaitley)ལགས་ལ་ཆབ་སྲིད་མཁས་པའི་གཟེངས་རྟགས། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་མངའ་སྡེའི་བློན་ཆེན་སྐུ་ཞབས་པེ་ནཱ་རཱ་ཡཱ་ཝེ་རྗེ་ཡཱན(Pinarayi Vijayan) ལགས་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ནས་བློན་ཆེན་ལེགས་ཤོས་ཀྱི་གཟེངས་རྟགས། རྒྱ་གར་གྱི་ཧིན་རྡུའི་ཆོས་དཔོན་སི་རེ་སི་རེ་ར་ཝེ་ཞང་དཀར(Sri Sri Ravi Shankar)ལགས་དང་། ཡེ་ཤུ་བླ་མ་ཧྥི་ལི་པོ་སེ་མར་ཁར་སོ་སི་ཊོམ(Philipose Mar Chrysostom) རྣམ་གཉིས་ལ་ཆོས་ལུགས་ཕུལ་བྱུང་མི་སྣའི་གཟེངས་རྟགས། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་སྔོ་སྨན་མཁས་པ་ལྕམ་སྐུ་ཧེ་ལིར་(Healer Lakshmikutty)ལགས་ལ་འགྲོ་བ་མིའི་བདེ་དོན་གཉེར་བའི་གཟེངས་རྟགས། ད་དུང་། ཁེ་ལས་པ་ཡོ་ཧྥི་ཨ་ལེ་(Yusuf Ali)ལགས་དང་ཤི་ཊེ(Shetty)ལགས། གྷོ་ཝན་དྷན་(Govindan)ལགས་བཅས་ལའང་གཟེངས་རྟགས་འདི་འབུལ་བཞེས་གནང་བའི་སྐོར་བརྗོད་འདུག

ད་ལོའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་རྒྱ་གར་གྱི་ས་གནས་མི་འདྲ་བ་གསུམ་ནང་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུ་དང་པོ་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ཀེ་ར་ལ་མངའ་སྡེའི་ཐི་རོཝ་ནཱན་ཐཱ་པོ་རཱམ་གྲོང་ཁྱེར་ནང་འཚོགས་རྒྱུ་དང་། གཉིས་པ་དེ་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཀཱ་ནཱ་ཊ་ཀཱ་མངའ་སྡེའི་བྷེང་ལོར་གྲོང་ཁྱེར་ནང་དང་། གསུམ་པ་དེ་ཕྱི་ཟླ་ ༣ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་འཚོགས་གཏན་ཁེལ་ཡོད་འདུག

ཐེངས་འདིའི་གཟེངས་རྟགས་འབུལ་སྐབས། གྷན་ངྷི་འཚེ་མེད་ཞི་བའི་གཟེངས་རྟགས་དང་ལྷན། ད་དུང་ཧིན་སྒོར་འབུམ་གསུམ་དང་། གཱན་དྷིའི་བཀའ་སློབ། དེ་བཞིན་དཔེ་དེབ་བཅས་དབུལ་རྒྱུ་ཡིན་འདུག