20
Sat, Apr

༧གོང་ས་མཆོག་དང་རྒྱ་གར་གཞུང་གི་ཤེས་རིག་བཀའ་བློན།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

འགྲོ་བ་མིའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་གཞི་རྩར་བཟུང་ནས་རྒྱ་གར་གནའ་རབས་སྲོལ་རྒྱུན་ལེགས་བཤད་ནས་གསུང་པའི་ཞི་གནས་དང་ལྷག་མཐོང་ཉམས་ལེན་བརྒྱུད་མིའི་བསམ་བློ་ཞི་བདེ་བག་ཕེབས་ཡོང་ཐབས་ལ་དམིགས་པ་ནས་བདེ་སྐྱིད་སྐྲུན་ཐུབས་ཞེས་པའི་སློབ་ཚན་གསར་བ་གཏན་འབེབས་གནང་ཡོད་འདུག

དེ་ཡང་རྒྱ་གར་ཨེ་བྷི་པི་གསར་ལས་ཁང་གིས་(ABP News)གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གྲྭ་ཚང་མའི་ནང་། རྒྱུན་ལྡན་སློབ་ཚན་རྣམས་ཡོད་ཁར་བདེ་སྐྱིད་སྐྲུན་ཐབས། (Happiness Curriculum) ཞེས་པའི་སློབ་ཚན་འཕར་མ་ཞིག་སློབ་ཁྲིད་གནང་རྒྱུ་ཡིན་པ་དེ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་རྒྱུ་ཡིན་འདུག

སློབ་ཚན་དེ་ནི་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། འགྲོ་བ་མིའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་གཞི་རྩར་བཟུང་ནས་རྒྱ་གར་གནའ་རབས་སྲོལ་རྒྱུན་ལེགས་བཤད་ནས་གསུང་པའི་ཞི་གནས་དང་ལྷག་མཐོང་ཉམས་ལེན་བརྒྱུད་མིའི་བསམ་བློ་ཞི་བདེ་བག་ཕེབས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་ཞིང་། དེ་ཡང་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ཞབས་མ་ནི་ཤི་སི་སོ་དི་ཡ་(Manish Sisodia) མཆོག་དང་ལྷན་སློབ་མ་འབུམ་བརྒྱད་ཙམ་གྱི་ཆེད་དུ། བདེ་སྐྱིད་སྐྲུན་ཐབས། (Happiness curriculum) ཞེས་པའི་སློབ་ཚན་དབུ་འབྱེད་མཛད་རྒྱུ་དེའི་ནང་དུ་སྒོམ་སྒྲུབ་ཉམས་ལེན་དང་བློ་སྦྱོང་།

དེ་བཞིན་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་འཁོད་ཡོད་འདུག ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ཞབས་མ་ནི་ཤི་སི་སོ་དི་ཡ་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་གསུང་དོན། “སློབ་ཚན་གསར་པ་འདི་ནི་འདི་ལོའི་ཕྱི་ཟླ་ ༧ ནས་ལྡི་ལིར་ཡོད་པའི་གཞུང་གི་སློབ་གྲྭ་ཚང་མའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་མ་རྣམས་ལ་སློབ་ཁྲིད་བྱ་རྒྱུ་དང་། ད་ལྟ་ནས་ལོ་ངོ་བཅུ་ལྷག་ཙམ་རྗེས་སློབ་ཕྲུག་དེ་དག་ཆེད་ལས་སྨན་པ་དང་། ཨར་ལས། འཆར་འགོད་པ་སོགས་ལྟར་ཆགས་རྒྱུ་མ་ཟད། བསམ་བློ་ཞི་བདེ་བག་ཕེབས་ཡོད་མཁན་ཞིག་ཀྱང་ཆགས་ཐུབ་རྒྱུ་ཡིན་པ་དང་། སྤྱི་ཚོགས་ནང་ཞབས་འདེགས་ཞུ་མཁན་དམིགས་བསལ་བ་ཞིག་ཀྱང་ཆགས་ཐུབ་རྒྱུ་རེད།” ཅེས་གསུངས།

དེ་ཡང་སློབ་ཚན་བཀོད་སྒྲིག་ལས་གཞི་དེ་ནི་ཆེད་ལས་པ་མི་གྲངས་ ༣༥ ནས་ ༤༠ ཙམ་གྱིས་འདི་ལོའི་ཕྱི་ཟླ་ ༡ ནས་འགོ་འཛུགས་གནང་འདུག་པ་དང་། ཁ་སང་ལྷག་དཀར་ཉིན་མོ་དང་བསྟུན་མཐའ་མའི་འཆར་ཟིན་གཏན་འབེབས་བྱུང་ཡོད་འདུག འོན་ཀྱང་སློབ་ཚན་གཞན་ལྟར་སློབ་ཚན་གསར་པ་དེར་ཡིག་རྒྱུགས་གཏོང་རྒྱུའི་ལམ་སྲོལ་བཟོ་མེད། དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་དང་བསྟུན། ལྡི་ལིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་(Arvind Kejriwal)མཆོག་དང་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་སྐུ་ཞབས་མ་ནི་ཤི་སི་སོ་དི་ཡ་མཆོག་རྣམ་གཉིས་ཀྱིས་མཇལ་བཅར་ཞུས་ཡོད་པ་རེད་འདུག