20
Sat, Apr

སྲིད་སྐྱོང་དང་ཁེ་ན་ཊའི་གྲོས་ཚོགས་ཚོགས་མི་ཁག་ཅིག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མི་རྣམས་ཀྱིས་ད་ཆ་རང་བཙན་མི་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་ཅེས་སྲིད་སྐྱོང་གིས་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་འབྲེལ་ལས་དོན། རྒྱལ་སྤྱིའི་ཚོང་དོན་ཚན་པའི་ཚོགས་མི་རྣམས་ལ་ངོ་སྤྲོད་གནང་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ལོ་ཚེས་༡༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་འབྲེལ་ལས་དོན། དེ་བཞིན་རྒྱལ་སྤྱིའི་ཚོང་དོན་ཚན་པའི་ཚོགས་མི་རྣམས་ལ་བོད་ཀྱི་ས་བབ་ཆགས་སྟངས་དང་གལ་གནད། དེ་བཞིན་བོད་མི་ས་ཡ་དྲུག་གི་མངོན་འདོད་བཅས་ཀྱི་ཐོག་ངོ་སྤྲོད་གནང་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ས་ཁུལ་ཡིན་སྟབས། རྒྱལ་ཁབ་ཆེན་པོ་དེ་གཉིས་དབར་ཐད་ཀར་གདོང་ཐུག་མི་ཡོང་བར་ཕན་ཐོགས་ཡོད་ཀྱང་ད་ཆ་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་དབང་སྒྱུར་བྱས་སྟབས་བར་བཞུགས་སུ་གནས་ཐབས་མེད་པར་བརྟེན། རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་རྩོད་རྙོག་འཕྲད་བཞིན་པ་དང་། རྒྱལ་ཁབ་དེ་གཉིས་ཨེ་ཤི་ཡའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཡིན་སྟབས་བར་བཞུགས་མེད་པར་ཐད་ཀར་གདོང་ཐུག་བྱས་པ་ནི། ཨེ་ཤི་ཡ་མངའ་ཁུལ་སྤྱིའི་བརྟན་ལྷིང་ལའང་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཡོད་སྐོར་དང་།

དེ་བཞིན་ཁོར་ཡུག་ཐོག་ནས་བོད་མཐོ་སྒང་གི་ཁོར་ཡུག་ནི་ཧ་ཅང་འཇིགས་སླ་ཞིང་གོ་ལ་སྤྱིའི་གནམ་གཤིས་ལ་བསམ་བློ་བཏང་ཡང་བོད་ཀྱི་ཁོར་ཡུག་གནས་སྟངས་ཧ་ཅང་གལ་གནད་ཆེན་པོ་ཡིན་སྐོར། ལྷག་པར་བོད་ནས་གཙང་པོ་ཆེན་པོ་བཅུ་རྒྱུག་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་༥༠ རིང་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་བ་དེས་བོད་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ཁོར་ཡུག་སོགས་ལ་གནོད་སྐྱོན་ཧ་ཅང་ཐེབས་ཡོད་སྐོར་གསུང་པ་མ་ཟད། རྒྱ་ནག་གཞུང་གི་ཁོར་ཡུག་ལ་བག་ཟོན་མེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན་བོད་ཀྱི་རྩ་ཐང་ཉམས་རྒུད་ཤུགས་ཆེ་འགྲོ་བཞིན་པ་མ་ཟད། ས་བཅུད་ཉམས་ཆགས་དང་། ས་རུད་གོད་ཆགས། རང་བྱུང་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཕོག་བཞིན་པ་ནི་བོད་ཀྱི་གཅན་གཟན་དང་རི་སྐྱེས་སྲོག་ཆགས་རྣམས་རིམ་བཞིན་རྩ་ཡལ་འགྲོ་རྒྱུ་དང་། གཏེར་ཁ་ཚད་མེད་བསྔོགས་འདོན་བྱེད་བཞིན་པ་དེས་ས་བཅུད་ཉམས་པ་ཙམ་མ་ཟད། རྒྱུག་ཆུ་དང་གཙང་ཆུ་དེ་དག་འབགས་བཙོག་བཟོ་བ་སོགས་ཀྱི་ཤུགས་རྐྱེན་དེ་དག་བོད་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུའང་ཐེབས་བཞིན་ཡོད་སྐོར་སོགས་གསུངས་གནང་འདུག།

དེ་བཞིན་བོད་མིའི་མངོན་འདོད་སྐོར་འགྲེལ་བརྗོད་གནང་སྐབས། བོད་མི་རྣམས་ཀྱིས་ད་ཆ་རང་བཙན་མི་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders)དང་། རང་དབང་ཁང་པ་(Freedom House)ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་སོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་སྐོར་བཏོན་པའི་སྙན་ཐོའི་གྲུབ་འབྲས་གང་བྱུང་བ་རྣམས་གསལ་འདོན་གནང་འདུག གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་ཀྱི་སྐད་ཡིག་སྐོར་གསུང་སྐབས་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བློས་གཏོང་ཆེན་པོའི་ཐོག་ནས་བོད་མིའི་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད་བློས་གཏོང་ཇི་ཙམ་བྱེད་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་ཉེ་ལམ་ཁོང་ལ་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བརྒྱུད་རིམ། ཁེ་ན་ཌའི་གྲོས་ཚོགས་གོང་མའི་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར། དེ་བཞིན་ཁེ་ན་ཌས་རྒྱ་ནག་དང་འབྲེལ་བ་གནང་སྐབས་འདྲ་མཉམ་ཐོག་ནས་གོ་སྐབས་བརྗེ་ལེན་གནང་ཐབས་དགོས་སྐོར་སོགས་གསུངས་ཡོད་འདུག