19
Fri, Apr

རྒྱ་ནག་དང་སོག་པོའི་སྲིད་འཛིན་མཇལ་འཕྲད།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གོང་གསལ་གྱི་རྩ་དོན་གཞིར་བཟུང་ནས་ཐེ་ཝན་དང་བོད་ལྗོངས་ལ་འབྲེལ་བ་ཡོད་པའི་གནད་དོན་ཚང་མ་ལེགས་བཅོས་བཟང་བོ་བྱེད་འདོད་ཡོད། སོག་རྒྱལ་ཕྱོགས་ཀྱིས་རྒྱ་ནག་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཇེ་དམ་དུ་བཏང་ནས་དམངས་ཁྲོད་མཛའ་མཐུན་འབྲེལ་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་སོག་པོའི་སྲིད་འཛིན་ ཁཱལ་ཊི་མཱ་ཧྒིན་བྷ་ཊལ་གྷ་ལ་ལགས་ཀྱིས་བཤད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠་ཉིན་གྱི་གསར་འགྱུར་བརྒྱུད་ལམ་ལྟར་ན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་༡༠ཉིན་ཆིན་ཐོ་ནས སོག་རྒྱལ་ཁབ་ཀྱི་ སྲིད་འཛིན་ཁཱལ་ཊི་མཱ་ཧྒིན་བྷ་ཊལ་གྷ་ལ་མཇལ་འཕྲད་གནང་ཡོད་འདུག ཞི་ཅིན་ཕིང་གིས་རྒྱ་ནག་དང་སོག་རྒྱལ་ཁབ་གཉིས་ནི་རི་ཆུ་གཅིག་ཏུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། བདག་གིས་ སྲིད་འཛིན་ཁཱལ་ཊི་མཱ་ཧྒིན་བྷ་ཊལ་གྷ་ལགས་ཀྱིས་སྲིད་འཛིན་གྱི་འགན་བཞེས་རྗེས་ཐེངས་མང་པོར་རྒྱ་ནག་དང་ཕྱི་སོག་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བར་བསྟོད་བསྔགས་བྱས་པ་ཡིན། རྒྱ་ནག་ཕྱོགས་ཀྱིས་སོག་རྒྱལ་དང་མཉམ་དུ་ཕན་ཚུན་ལ་ཡིད་ཆེས་དང་མཉམ་ལས། གཉིས་རྒྱལ་བཅས་ཀྱི་རྩ་དོན་གཞིར་འཛིན་པ་དང་། གོ་སྐབས་དམ་འཛིན་དང་འགལ་བ་མེད་པར་གཏོང་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་བཟང་བོར་སྤེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པོར་བཏང་སྟེ།རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཡང་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཁ་ཕྱོགས་ཡང་དག་དམ་འཛིན་བཟང་བོ་བྱེད་པ་དང་། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོན་དག་གལ་ཆེན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕྱོགས་གཉིས་ཀར་རྒྱུས་ལོན་དང་བརྩི་བཀུར་བྱེད་དགོས། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་འགྲོ་འོང་བྱེད་པའི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ནས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། རང་རང་སོ་སོའི་ཕུལ་བྱུང་གི་སྟོབས་དང་བསྟུན་ནས་གཉིས་ཕན་མཉམ་ལས་བྱེད་པ་དང་ལས་གཞི་ཆེན་པོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་བཟང་བོ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་འཕེལ་རྒྱས་བགྲོད་ལམ་གྲོས་གཞི་གཉིས་སྦྲེལ་མཐུད་དངོས་འབེབ་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་ཉིས་སྟོང་བཅུ་དགུ་ལོའི་རྒྱ་ནག་དང་སོག་རྒྱལ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོར་པར་རྗེས་དྲན་བྱེད་པའི་བརྗེ་རེས་བྱ་འགུལ་བཟང་བོར་སྤེལ་དགོས་ཟེར།

སྲིད་འཛིན་ཁཱལ་ཊི་མཱ་ཧྒིན་བྷ་ཊལ་གྷ་ལགས་ཀྱིས་རྒྱ་ནག་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན། ཕྱི་སོག་ཕྱོགས་ཀྱིས་འབད་བརྩོན་བྱས་ཏེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་བྱེད་འདོད་ཡོད། བདག་གིས་འདིར་སྲིད་འཛིན་ཞི་ཅིན་ཕིང་གིས་དངོས་སུ་དོ་སྣང་མཛད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཆེ་ཞུས་པ་དང་། རྒྱ་ནག་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་བྱང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་བསྟོད་བསྔགས་ཆེན་པོ་བྱས་པ་ཡིན། རྒྱ་ནག་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་གཉིས་ཕན་མཉམ་ལས་བྱེད་རྒྱུ་ནི་སོག་རྒྱལ་ཁབ་ཀྱི་ཆེས་ལེགས་པའི་ཕྱི་འབྲེལ་ཁ་ཕྱོགས་ཡིན། སོག་རྒྱལ་ཕྱོགས་ཀྱིས་རྒྱ་ནག་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཐེ་ཝན་དང་བོད་ལྗོངས་ཀྱི་ལས་དོན་ཚང་མ་རྒྱ་ནག་གི་ནང་སྲིད་ཡིན་པར་ངོས་འཛིན་བཞིན་ཡོད་པ་དང་། གོང་གསལ་གྱི་རྩ་དོན་གཞིར་བཟུང་ནས་ཐེ་ཝན་དང་བོད་ལྗོངས་ལ་འབྲེལ་བ་ཡོད་པའི་གནད་དོན་ཚང་མ་ལེགས་བཅོས་བཟང་བོ་བྱེད་འདོད་ཡོད། ཕྱི་སོག་ཕྱོགས་ཀྱིས་རྒྱ་ནག་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཇེ་དམ་དུ་བཏང་ནས་དམངས་ཁྲོད་མཛའ་མཐུན་འབྲེལ་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་བཤད་ཡོད་འདུག