19
Fri, Apr

སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་འཚམས་འདྲི་ཕེབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཉིན་ཤས་གོང་སྟེ་ཟླ་༤་པའི་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ཐུག་འཕྲད་གྲོས་མཐུན་བྱུང་བ་ལྟར་ན་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་དམག་འཁྲུག་མི་རྒྱག་པ་དང་ཀོ་རི་ཡའི་མཚོ་གླིང་དུ་རྡུལ་མཚོན་མེད་པ་བཟོ་རྒྱུ་སོགས་ཟུར་སྦྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག དེ་བཞིན་ཟླ་༤་པའི་ཚེས་༣༠་ཉིན་སྤྱི་ནོར་༧གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ཐུགས་འཕྲད་གནང་སྐབས་ཡུལ་གཉིས་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་ཙམ་མ་ཟད།

འདི་ལོར་ཞི་བའི་ཆིངས་ཡིག་བཞག་པ་བརྒྱུད་ཀོ་རི་ཡའི་གླིང་ཕྲན་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུར་མོས་མཐུན་བྱུང་བར་འགོ་ཁྲིད་རྣམ་གཉིས་ལ་མཚམས་འདྲི་ཕེབས་དོན། “ངོས་རང་འཛམ་བུ་གླིང་འདི་དམག་འཐབ་སྤང་ཞིང་། རྡུལ་ཕྲན་གོ་མཚོན་ཡོངས་རྫོགས་རིམ་བཞིན་རྩ་མེད་བཟོ་རྒྱུའི་ལས་འགུལ་ཐོག་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་མཁན་ཞིག་ཡིན་སྟབས། ཐེངས་འདིར་ཁྱེད་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་ནས་ཀོ་རི་ཡའི་གླིང་ཕྲན་ནང་ཡུན་གནས་ཐུབ་པའི་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་ཞིག་སྐྲུན་རྒྱུར་མོས་མཐུན་བྱུང་བར་ངོས་ཀྱིས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
འཛམ་གླིང་ས་ཁུལ་འདྲ་མིན་མང་པོའི་ནང་དམག་འཁྲུག་སོགས་འཚེ་བའི་བྱ་སྤྱོད་ལ་བརྟེན་ནས་མི་བཟོད་པའི་སྡུག་བསྔལ་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་མཐོང་སྐབས་སེམས་སྡུག་ཧ་ཅང་ཡོང་བཞིན་འདུག དོན་དམ་གྱི་ཞི་བདེ་དང་ཕན་ཚུན་ཡིད་ཆེས་བློས་འགེལ་ཐུབ་པའི་མཛའ་བརྩེའི་འབྲེལ་ལམ་ཞིག་འཛུགས་དགོས་ན། འཚེ་མེད་ཞི་བ་གྲོས་མོལ་ཁོ་ན་བརྒྱུད་ནས་ཡོང་ཐུབ་རྒྱུ་ཡིན་པ་ཐེངས་འདིར་ཁྱེད་དབུ་ཁྲིད་རྣམ་གཉིས་ཀྱིས་གསལ་འདོན་གནང་བ་རེད།
བཟང་ཕྱོགས་ཀྱི་འགྱུར་བ་འདི་ལ་བརྟེན་ནས་ས་ཕྱོགས་གཞན་དུའང་འཇིགས་སུ་རུང་བའི་གོ་མཚོན་དེ་དག་རྩ་མེད་བཟོས་ནས་ཡུན་གནས་ཐུབ་པའི་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་རྒྱུར་སེམས་འགུལ་ཐེབས་རྒྱུ་ཡིན་པ་ངོས་ཀྱིས་སེམས་གཏིང་ནས་རེ་བ་བྱེད་བཞིན་ཡོད།
ཁྱེད་དབུ་ཁྲིད་རྣམ་གཉིས་ཀྱིས་ཐེངས་འདིར་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་གང་མདུན་སྤོས་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་གཙང་མ་ཡོད།” ཅེས་འཁོད་འདུག །

གསར་འགོད་པ་བསྟན་འཛིན་ཆོས་གྲགས།