25
Thu, Apr

བཞུགས་སྒར་ཕོ་བྲང་དུ་༢༠༡༧ལོའི་ཟླ་༡༡ཚེས་༧ཉིན་ཞི་བདེའི་བགྲོ་གླེང་སྐབས་ྋགོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། པར་པ་ཡེ་ཤེས་ཆོས་བཟང༌།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧ལོའི་ཟླ་༡༡ཚེས་༧ཉིན་སྤེལ། འཛམ་གླིང་ནང་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་ཡོད་པའི་རྒྱལ་ཁག་༡༡ནས་གཞོན་སྐྱེས་དབུ་ཁྲིད་༣༠ཉེ་བ་བཞུགས་སྒར་དུ་ཡོང་སྟེ་ྋགོང་ས་མཆོག་དང་ལྷན་དུ་ཞི་བདེའི་ཐོག་བགྲོ་གླེང་ཚོགས་འདུ་བསྐོང་འཚོགས་ཞུས་ཡོད་པ་རེད།

དེ་ཡང་འཛམ་གླིང་ནང་འཇིགས་སྐུལ་དྲག་སྤྱོད་པ་དང་འཚེ་བའི་ལས་འགུལ་ལ་བརྟེན་ནས་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་འབར་མ་དང༌། ཨབ་གྷ་ནི་སི་ཐན། སུ་དཱན། ལྷོ་སུ་དཱན། སི་རི་ཡ། ཀོ་ལོམ་བྷི་ཡ།  དཀྱིལ་ཤར་ཡུལ་གྲུ་དང༌། ནའི་ཇེ་རི་ཡ། ཏུ་ནི་ཤི་ཡ། ཨ་རི། ཤྲི་ལངྐ་སོགས་རྒྱལ་ཁབ་ ༡༢ ནས་ཞི་བདེ་ལས་འགུལ་བ་གཞོན་སྐྱེས་འགོ་ཁྲིད་མི་གྲངས་ ༢༥ ལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བཀའ་སློབ་དང་དྲི་བ་ཁག་ལ་བཀའ་ལན་སྩལ་འདུག

ཞི་བདེའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་ཨ་རིར་རྟེན་གཞི་བྱས་པའི་ཞི་བདེ་བསྟི་གནས་ཁང་ USIP ཞེས་པ་དེ་ཡིན་འདུག་ཅིང༌།   ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བསྟི་གནས་ཁང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་བསྒྲགས་སྤེལ་བ་ལྟར་ན།  ད་ལྟ་འཛམ་གླིང་ནང་གཞོན་སྐྱེས་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་འཚེ་བའི་ལས་འགུལ་ཤུགས་ཆེ་ཤོས་སྤེལ་བཞིན་ཡོད་སྟབས། གཞོན་སྐྱེས་ཚོས་འཚེ་བའི་བྱ་སྤྱོད་ལ་བརྟེན་ནས་དཀའ་ངལ་མང་ཤོས་མྱོང་བཞིན་ཡོད།

ཉེ་ལམ་འཛམ་གླིང་ཁྱོན་ཡོངས་ནས་འཚེ་བའི་ལས་འགུལ་འོག་ཚེ་སྲོག་ཤོར་མཁན་བརྒྱ་ཆ་བརྒྱད་ཅུ་ཙམ་རྒྱལ་ཁབ་ཁག་ལྔའི་ནང་བྱུང་ཡོད། རྒྱལ་ཁབ་ལྔ་པོ་དེའི་ནང་མི་འབོར་བརྒྱ་ཆ་ ༥༠ གཞོན་སྐྱེས་ལོ་ན་ ༢༢ མན་ཡིན་འདུག  དེར་བརྟེན་འཇིགས་སྐུལ་དྲག་སྤྱོད་པ་སོགས་ཀྱིས་གཞོན་སྐྱེས་ཚོར་དམིགས་འབེན་དུ་བཟུང་ནས་གསོ་སྐྱོང་དང་སྦྱོང་བརྡར་སོགས་སྤྲད་པ་བརྒྱུད་འཚེ་བའི་ལས་འགུལ་སྤེལ་ཐབས་བྱེད་བཞིན་ཡོད།

གཞོན་སྐྱེས་དེ་དག་མ་འོངས་སོན་རྩ་ཡིན་སྟབས་རྒྱལ་ཁབ་སོ་སོའི་སྲིད་གཞུང་ཚགས་ཚུད་དང༌། དཀའ་རྙོག་སེལ་རྒྱུའི་ཐབས་ལམ་མ་ནོར་བ་ཞིག་གདམ་ཐུབ་པ།   འཛིན་སྐྱོང་འཐུས་སྒོ་མ་ཚང་བར་སྟངས་འཛིན་བྱེད་ཐུབ་རྒྱུ། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པའི་བསླུ་ཁྲིད་ལ་གདོང་ལེན་སོགས་བྱེད་ཐུབ་ཆེད་གཞོན་སྐྱེས་དེ་དག་ལ་ལམ་སྟོན་བཟང་པོ་ཞིག་དགོས་པ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།

འཁྲུག་རྩོད་དང་འཇིགས་སྐུལ་དྲག་སྤྱོད་པའི་དཀའ་རྙོག་འོག་ཚུད་པའི་རྒྱལ་ཁབ་དེ་དག་གི་གཞོན་སྐྱེས་ཚོས་བསམ་ཚུལ་མི་མཐུན་པ་རྣམས་གུ་ཡངས་པོའི་ཐོག་ནས་འདུམ་འགྲིག་བྱེད་ཐུབ་རྒྱུ་དང༌།  དྲང་བདེན་གྱི་སྲིད་གཞུང་རྒྱུན་སྐྱོང་ཡོང་བ་བྱེད་ཐུབ།  དེ་འདྲ་བྱུང་ན་སྤྱི་ཚོགས་ནང་ཞི་བདེ་ཡུན་གནས་ཐུབ་པ་དང་བརྟན་ལྷིང་ཡོང་ཐུབ་རྒྱུ་རེད། དེར་བརྟེན་གཞོན་སྐྱེས་དེ་དག་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།  འདི་ག་ཨ་རི་ཞི་བདེ་གོང་སྤེལ་བསྟི་གནས་ཁང་གིས་འཛམ་གླིང་ཁྱོན་དུ་གཞོན་སྐྱེས་ཁྲོད་ཞི་བདེ་གོང་སྤེལ་གྱི་ལས་འགུལ་བ་བརྒྱ་ཕྲག་མང་པོར་ཞི་བདེའི་ཟབ་སྦྱོང་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་ཞིང༌།

ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་སྤྱི་ནོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ག་བསྟི་གནས་ཁང་གི་ཞི་བདེ་གོང་སྤེལ་གྱི་གཞོན་སྐྱེས་འགོ་ཁྲིད་ནུས་པ་སྐྱེད་སྲིང་སླད་ལམ་སྟོན་མཛད་རྒྱུའི་ཞལ་བཞེས་མཛད་ཡོད།  ྋགོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཐུགས་མྱོང་ཡོད་མཁན་འཛམ་གླིང་དབུ་ཁྲིད་ཁྲོད་ཆེས་དཀོན་པོ་རེད། ཁོང་དགུང་ལོ་ ༡༥ སྐབས་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་ཡོད། སྐབས་དེར་བོད་ནང་ཟིང་འཁྲུག་ལང་བཞིན་ཡོད།   འདི་ག་བསྟི་གནས་ཁང་དུ་གཞོན་སྐྱེས་མང་པོ་ཞིག་རང་ཡུལ་བཞག་ནས་བཙན་བྱོལ་དུ་ལོ་མང་གནས་དགོས་བྱུང་བ་ལྟར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་རང་ཡུལ་གྱར་ནས་བཙན་བྱོལ་དུ་བཞུགས་བཞག་མཛད་མུས་ཡིན།

ན་གཞོན་ཞི་བདེ་འགོ་ཁྲིད་ལྷན་ཚོགས་སྐབས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འགན་གང་ཡིན་ནམ།

ཕྱི་ལོ་ ༡༩༨༩ ལོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད།  ཁོང་ནི་འཛམ་གླིང་ནང་རྩོད་རྙོག་རྣམས་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་མཛད་མཁན་ཞི་བདེའི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་དང༌།   ནང་པའི་སྤྱི་ཚོགས་ཙམ་མ་ཟད།  ཆོས་ལུགས་གཞན་ཚོས་ཀྱང་ལམ་སྟོན་ཞུ་ཡུལ་གྱི་དབུ་ཁྲིད་ཅིག་ཡིན།

ཁོང་ནི་རྩོད་རྙོག་རྣམས་འཚེ་མེད་ཞི་བའི་ལམ་ནས་འདུམ་འགྲིག་ཇི་ལྟར་མཛད་དགོས་པའི་ཐོག་ཐུགས་མྱོང་ཧ་ཅང་ཡོད་ཁར་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཀྱང་ཡིན།  བཞུགས་སྒར་དརྨ་ཤཱ་ལར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉིན་གཉིས་རིང་ཞི་བདེ་གོང་མཐོར་གཏོང་མཁན་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་ལ་ལམ་སྟོན་བཀའ་སློབ་སྩལ་བ་མ་ཟད།  གཞོན་སྐྱེས་ཚོའི་སོ་སོའི་རྒྱལ་ཁབ་ནང་ཞི་བདེའི་ལས་འགུལ་སྤེལ་སྐབས་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་མཛུབ་ཁྲིད་ལམ་སྟོན་དང༌།  སྣེ་ཁྲིད་བཀའ་སློབ།  དེ་བཞིན་སྙིང་སྟོབས་དང་ལྷག་བསམ་གཞན་སྐུལ་སོགས་མཛད་ནས་འཚེ་བའི་ལས་འགུལ་དང༌། ཆགས་སྡང་ཕྱོགས་རིས།  ཕྱོགས་སུ་ལྷུང་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ཞི་བའི་ལམ་ནས་གདོང་ལེན་ཇི་ལྟར་བྱེད་དགོས་པའི་བཀའ་སློབ་དང༌། གོ་བསྡུར་སྦྱངས་བཤད་སོགས་མཛད་ཡོད།

གཞོན་སྐྱེས་འགོ་ཁྲིད་ཚོར་ཉམས་མྱོང་འདི་ལས་བློ་སྐྱེད་ཇི་འདྲ་ཞིག་ཐོབ་ཡོད།

མཇལ་ཁར་བཅར་མཁན་གཞོན་སྐྱེས་མང་པོ་ཞིག་སོ་སོའི་རྒྱལ་ཁབ་ནང་རང་འགུལ་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད་སྟབས།  འཇིགས་སྐུལ་དྲག་སྤྱོད་པ་དང་དམག་དཔུང་གི་རྒོལ་བརྡུང་ཕོག་རྒྱུའི་ཉེན་ཁ་ཡོད་མུས་ཡིན།  གཞོན་སྐྱེས་མང་པོ་ཞིག་ལ་ཐེངས་འདིར་ྋགོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བཅར་ཞུ་ཐུབ་པ་དེ་ནི་ཤེས་ཡོན་དང་ཉམས་མྱོང་བརྗེ་ལེན་ཞུ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་དརྨ་ཤཱ་ལརའི་མཇལ་ཁའི་སྐབས་འཛམ་གླིང་ས་ཁུལ་འདྲ་མིན་ནས་ཞི་བདེའི་འགོ་ཁྲིད་ས་གནས་གཅིག་ཏུ་འཛོམས་ཐུབ་པ་མ་ཟད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དྲུང་ནས་ལམ་སྟོན་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་ཡོད།

དེར་བརྟེན་ཉིན་རེའི་ལས་དོན་ཐོག་སྙིང་སྟོབས་དང་ལྷག་བསམ་སྔར་བས་ཆེ་བ་ཞིག་འོག་ནས་ལས་འགུལ་སྔར་ལས་རྣོ་ངར་ལྡན་པ་ཞིག་སྤེལ་རྒྱུར་ཕན་ཐོགས་ཧ་ཅང་ཡོད།  མཇལ་བཅར་སྐབས་གཞོན་སྐྱེས་ཚོར་ྋགོང་ས་ཏཱ་ལའི་བླ་མའི་དྲུང་ནས་དཀའ་ངལ་བྱེ་བྲག་པའི་ཐོག་གདོང་ལེན་ཇི་ལྟར་དགོས་མིན་ལམ་སྟོན་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་ཡོད།  དེར་བརྟེན་ཕྱོགས་ཡོངས་ནས་བརྗོད་ན།   ལས་གཞི་འདིས་གཞོན་སྐྱེས་ཚོར་རྩོད་རྙོག་རྣམས་འཚེ་མེད་ཞི་བའི་ལམ་ནས་སེལ་ཐུབ་པའི་ནུས་པ་གོང་འཕེལ་དང༌། འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་དང་འབྲེལ།  ཆོས་ལུགས་དང་སྤྱི་ཚོགས་དབྱེ་བ་མེད་པར་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཞི་བདེ་གོང་འཕེལ་ཆེད་ཞབས་འདེགས་མི་དམན་པ་ཞིག་བསྒྲུབ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཡོད།

ལས་གཞི་འདིར་ནུས་པ་གང་ཡོད།

ལས་གཞི་འདིར་མཉམ་ཞུགས་གནང་མཁན་ཚོས་རང་གི་ཉམས་མྱོང་གཞི་ལ་བཞག་ནས་གསུང་དོན་ལྟར་ན། ལྷན་ཚོགས་གྲོལ་ནས་ཕྱིར་རང་ཡུལ་དུ་ལོག་རྗེས་ཞི་བདེ་གོང་འཕེལ་གཏོང་ཆེད་སྙིང་སྟོབས་དང་ཐབས་ལམ་གསར་པ་ཞིག་འཁྱེར་ནས་ཞི་བདེའི་ལས་འགུལ་ཐོག་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་བསྒྲུབ་ཐུབ་བཞིན་ཡོད་འདུག  དཔེར་ན།  ཕྱི་ལོ་ ༢༠༡༦ ལོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཀྱི་ལྷན་ཚོགས་ཐེངས་དང་པའི་སྐབས་བཅར་བའི་ཨི་རཱག་ Iraq ཡུལ་གྱི་ཁུར་དི་སི་ཐན་ Kurdistan གྲངས་ཉུང་མི་རིགས་ཁྲོད་གཞོན་སྐྱེས་འགོ་ཁྲིད་གཅིག་གིས་ཕྱིར་རང་ཡུལ་དུ་ལོག་རྗེས་ཆོས་ལུགས་རིས་མེད་ཀྱི་གཞོན་སྐྱེས་ལྷན་ཚོགས་གོ་སྒྲིག་གནང་བ་བརྒྱུད་སྤྱི་ཚོགས་ནང་མི་རིགས་དང་ཆོས་ལུགས། རིག་གཞུང་འདྲ་མིན་འཆམ་མཐུན་ངང་མཉམ་གནས་ཡོང་རྒྱུར་ཞབས་འདེགས་བསྒྲུབས་ཐུབ་པ་བྱུང་འདུག

སྤྱིར་ཚོགས་བཅར་བ་རྣམས་གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་ཞི་བདེའི་སྣེ་ཁྲིད་བྱེད་མཁན་ཡིན་སྟབས་ལས་གཞི་འདིའི་ནུས་པ་སྤྱི་ཚོགས་ཁྲོད་འཕེལ་རྒྱས་འགྲོ་བཞིན་ཡོད།  ལྷན་ཚོགས་སྐབས་གཞོན་སྐྱེད་ནང་ཁུལ་འབྲེལ་བ་བྱུང་བ་ཙམ་མ་ཟད། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་བགྲོ་གླེང་སོགས་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་སྟབས། འདི་ག་བསྟི་གནས་ཁང་གི་མི་རབས་བརྗེ་འགྱུར་གྱི་ལས་གཞིའི་ཐོག་ USIP’s Generation Change Fellows Program ལའང་ཕན་ཐོགས་ཡོང་བཞིན་འདུག  ཅེས་འཁོད་འདུག །