19
Fri, Apr

དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་ཐད་གསལ་བཤད་ཞིབ་ཙམ་དགོས་ཚུལ་བསམ་ཚུལ་གང་མང་ཞིག་ཡོང་བཞིན་པར་དོན་ཚན་དགུ་ཅན་ཕྱིར་བསྒྲགས་གནང་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གསལ་བསྒྲགས་གནང་དོན།
བཀའ་ཤག་ནས་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་གསལ་བཤད་ཟིན་ནའང་བོད་མིའི་སྒྲིག་འཛུགས་ལ་བརྩི་མཐོང་ཆེ་བའི་མི་སྣ་ཁག་ཅིག་ཐེ་བའི་མི་མང་ཁྲོད་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལ་བླང་དོར་བརྡ་སྟོན་ཐེངས་གསུམ་བཏང་བའི་སྐོར་གསལ་བཤད་ཞིབ་ཙམ་དགོས་གལ་འབོད་སྐུལ་རིམ་འབྱོར་བྱུང་བར། སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ལས་བྱེད་ཡིན་ན། འཛིན་སྐྱོང་གི་ཐག་གཅོད་འདི་རིགས་ལ་གསལ་བཤད་དགོས་གལ་དང་གནང་སྲོལ་མེད་ཀྱང༌། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་གཏན་འཇགས་ལས་བྱེད་ཅིག་མིན་པ་དང་སྤྱི་ཚོགས་ནང་མི་མང་གི་འགོ་འཁྲིད་མི་སྣ་ཞིག་ཡིན་པར་སོང་བཀའ་ཤག་ལྷན་རྒྱས་ཐོག་བཀའ་བསྡུར་རིམ་བརྒྱུད་དོན་གཅོད་འཕོ་འགྱུར་གཏོང་དགོས་ཀྱི་གནད་དོན་གསལ་པོ་ཆགས་ཐབས་སུ་གཤམ་གསལ་གསལ་བཤད་འདི་དག་གནང་རྒྱུ་ཐག་གཅོད་གནང་བ་ཡིན།

༡། སྐུ་ཞབས་སྤེན་པ་ཚེ་རིང་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱུང་སྐབས། ད་ཆ་འོས་བསྡུའི་བརྒྱུད་རིམ་སྐབས་ཀྱི་གནས་ཚུལ་འདས་ཟིན་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མ་འགྲིག་པ་གང་ཡང་ཞུ་རྒྱུ་མེད་ལ་ང་ལ་ཡིད་ཆེས་གནང་བར་བརྟེན། རང་ངོས་ནས་ཀྱང་ལས་དོན་འགན་ཁུར་བཀའ་ཤག་གི་ཐུགས་རེ་ལྟར་བསྒྲུབ་རྒྱུར་འབད་བརྩོན་ཧུར་ཐག་ཞུ་རྒྱུའི་ཁས་ལེན་ཞུ་གི་ཡོད་ཅེས་གསུངས་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སྤེན་པ་ཚེ་རིང་ལགས་རང་ཉིད་འོས་འདེམས་བྱས་པའི་མི་མང་གི་སྐུ་ཚབ་གཅིག་གི་གནས་བབ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འདོད་བློ་ཁེངས་པ་ཞིག་ཏུ་འགྱུར་ཐུབ་མེད་པ་མ་ཟད། བཀའ་ཤག་ནས་མུ་མཐུད་ཡིད་ཆེས་བློས་འགེལ་མི་ཐུབ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་དང༌། བཀའ་ཤག་གི་ཐུགས་རེ་ལྟར་ལས་དོན་སྒྲུབ་མ་ཐུབ་པ། འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་བ་བཅས་རྒྱུ་མཚན་དེ་གསུམ་ལ་བརྟེན་ནས་་དོན་གཅོད་འཕོ་འགྱུར་གཏོང་རྒྱུར་ཐག་གཅོད་མ་གནང་ཐབས་མེད་གྱུར་ཡོད།

༢། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱི་བྱང་ཨ་རིའི་དོན་གཅོད་ལས་རྒྱུན་རིང་ ༢༠༡༦ ཕྱི་ཟླ་ ༨ ནས་ ༢༠༡༧ ཕྱི་ཟླ་ ༤ པའི་བར་བྱང་ཨ་རི་ཁུལ་ཆབ་སྲིད་ཀྱི་འཕོ་འགྱུར་གལ་ཆེ་མང་པོ་བྱུང་ཡོད་པའི་ནང་ནས་དཔེར་ན། སྐུ་ཞབས་ཌོ་ནལ་ཊམ་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྟེ་གཞུང་གསར་པ་བསླེབས་པ། སྲིད་འཛིན་ཌོ་ནལ་ཊམ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་ཐེངས་དང་པོར་མཇལ་འཕྲད་གནང་བ་སོགས་བྱུང་ཡོད་པའི་སྐབས་དུས་སོ་སོའི་གནས་ཚུལ་སྙན་སེང་དགོས་པ་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་ལྡན་ལས་འགན་ཞུ་སྒོའི་ཁོངས་ལམ་སྟོན་ཁ་གསལ་ཡོད་ནའང༌། སྐབས་དུས་སོ་སོར་གནས་ཚུལ་མཁོ་སྒྲུབ་ཀྱིས་འབྲེལ་ཡོད་ཕྱི་དྲིལ་ལས་ཁུངས་བརྒྱུད་སྙན་སེང་དུས་ཐོག་ཞུས་མེད་པ་དེ་རང་གི་ཁུར་བབས་ལས་འགན་སྒྲུབ་མ་ཐུབ་པ་ཞིག་ཡིན།

༣། སྔ་ལོ་ ༢༠༡༦ ཕྱི་ཟླ་ ༡༠ པའི་ནང་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལྟར་འབྲེལ་ཡོད་གོང་རིམ་ལ་དགོངས་སྐོར་བཀའ་འཁྲོལ་མ་ཞུས་པར་མི་མང་ཚོགས་ཆེན་ཐོག་ཨ་རི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ནིའུ་ཡོག་ཏུ་ཨ་རི་དོན་གཅོད་ཀྱི་འབྲེལ་མཐུད་པ་གཅིག་ལྕོགས་སུ་བསྐོ་འཛུགས་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད་པ་དེ་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་ལ་ལྟོས་མེད་དང་བྱ་སྤུ་གནོན་གྱི་གོ་རིམ་ལ་བརྩི་བཀུར་མ་ཞུས་པ་ཞིག་ཡིན་པར་བརྟེན། བླང་དོར་བརྡ་སྟོན་གྱི་བཀོད་ཁྱབ་དང་པོ་དེ་ཕྱི་དྲིལ་ལས་ཁུངས་བརྒྱུད་བཏང་ཡོད།

༤། འདི་ལོ་ཕྱི་ཟླ་ ༤ པའི་ནང་ཨ་རིའི་ཕོ་ལོ་རི་ཌ་ Florida གྲོང་ཁྱེར་ནང་སྲིད་འཛིན་ཌོ་ནལ་ཊམ་མཆོག་དང་ཞི་ཅི་ཕིང་གཉིས་མཇལ་འཕྲད་གནང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཁག་ཅིག་ནས་ཞི་ཅིང་ཕིང་ལ་དགའ་བསུའི་ལས་འགུལ་སྤེལ་བ་དང༌། དེ་རྗེས་ཕྱི་ཟླ་ ༦ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པར་སོང་བཀའ་ཤག་ལ་ཐུགས་འཚབ་ཆེན་པོ་བྱུང་ཡོད་ཀྱང༌། དེ་སྐོར་བཀའ་ཤག་ནས་བརྒྱུད་ལམ་གཞན་བརྒྱུད་གནས་ཚུལ་མཁྱེན་རྟོགས་བྱུང་བ་ལས། དོན་གཅོད་ནས་གནས་ཚུལ་གང་ཡང་སྙན་ཞུ་བྱུང་མེད། སྐུ་ཚབ་དོན་གཅོད་ཚང་མར་དོལ་རྒྱལ་རྗེས་འབྲང་པ་དང་འབྲེལ་བའི་གནས་ཚུལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཆ་ནས་གནས་ཚུལ་མཁོ་སྒྲུབ་དང་སྙན་སེང་དགོས་པའི་ལམ་སྟོན་ཡོད་པར་ལྟོས་མེད་ལྷོད་ཡངས་ཆེན་པོ་བཏང་ཡོད། དེ་འབྲེལ་འདྲི་རྩད་དང་བརྡ་སྟོན་བཀོད་ཁྱབ་གཉིས་པ་དེ་ཕྱི་དྲིལ་ལས་ཁུངས་བརྒྱུད་འདི་ལོ་ཕྱི་ཟླ་ ༤ ནང་བཏང་ཡོད།

༥། ཨ་རིའི་དོན་གཅོད་ཁང་དེ་བཞིན་ནིའུ་ཡོག་གྲོང་ཁྱེར་ནས་རྒྱལ་ས་ཝ་ཤིང་ཊོན་ལ་སྤོ་དགོས་པའི་བཀའ་ཤག་གི་དགོས་དམིགས་གཙོ་བོ་ཨ་རི་གཞུང་ལ་ཐད་ཀར་འབྲེལ་གཏུགས་གནང་བདེར་དམིགས་ཡོད་པ་བཞིན། སྐུ་ཚབ་དོན་གཅོད་ལ་དུས་ཚོད་གང་ཙམ་སྔོན་ནས་སྲིད་སྐྱོང་དང་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་དང༌། གྲོས་ཚོགས་གོང་མའི་དབུ་འཛིན། དེ་བཞིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི་བཅས་ཨ་རི་གཞུང་གི་གནད་ཡོད་མི་སྣ་མཐོ་གྲས་ཁག་ཅིག་དང་མཇལ་འཕྲད་ཀྱི་དུས་ཚོད་བཟོ་དགོས་བཀོད་མངགས་གནང་ཡོད་རུང༌། དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་གོང་གསལ་གནད་ཡོད་མི་སྣ་གཅིག་ལའང་མཇལ་འཕྲད་ཀྱི་དུས་ཚོད་བཟོ་མ་ཐུབ་པ་དེ་རིགས་ནི་ལས་དོན་འགན་འཁུར་ཇི་བཞིན་མ་ཞུས་པའམ་མ་ཐུབ་པ་གསལ་པོ་ཡིན།

༦། འདི་ལོ་ཕྱི་ཟླ་ ༥ པའི་ནང་ཨ་རི་ཕོ་བྲང་དཀར་པོའི་ ༢༠༡༨ ལོའི་སྔོན་རྩིས་ཁོངས་བོད་མི་དང་འབྲེལ་བའི་ལས་གཞིར་རོགས་དངུལ་ཁག་ཅིག་ཁུ་བསྡུ་བྱ་རྒྱུའི་གནས་ཚུལ་ཐོན་སྐབས་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་དོན་གཅོད་ཀྱི་ལས་ཁུར་བཞེས་ཏེ་ཟླ་གྲངས་དགུ་ལྷག་སོང་ཡོད་ཀྱང༌། སྐབས་དེར་ཨ་རི་གཞུང་གི་སྔོན་རྩིས་དང་འབྲེལ་བའི་རོགས་དངུལ་གནད་དོན་མཇུག་འདེད་བྱ་རྒྱུ་དེ་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་མིན་ལུགས་དང༌། དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཇུག་སྐྱོང་དགོས་པའི་གནད་དོན་ཞིག་ཡིན་སྐོར་གཏམ་བཤད་གནང་ཡོད། དེ་བཞིན་བར་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རི་གཞུང་ནས་རོགས་དངུལ་ཐོབ་ཐབས་འབད་བརྩོན་ལྷོད་མེད་གནང་བཞིན་པར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ནས་མཇུག་སྐྱོང་འགན་འཁུར་གནང་མེད། གལ་ཏེ་རོགས་དངུལ་དེ་དག་ལམ་ལྷོང་མ་བྱུང་ན་རྒྱ་བལ་གཉིས་ནང་ལས་གཞི་འགྲོ་བཞིན་པ་མང་དག་ཅིག་ལག་བསྟར་མི་ཐུབ་པའི་ཉེན་ཁ་ཆགས་ངེས་ཡིན་པ་དང༌། ལྷག་པར་འཛམ་གླིང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཐོག་ལྡོག་ཕྱོགས་ཀྱི་བརྡ་ལན་ཞིག་འགྲོ་ངེས་པ་བཅས་ལ་དགོངས་པ་བཞེས་ཐུབ་མེད།

༧། འདི་ལོ་ཕྱི་ཟླ་ ༦ པའི་ནང་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་བཀའ་ཤག་ལ་ཛ་དྲག་གི་སྙན་སེང་ཞུས་དོན་དུ། རྒྱལ་ས་ཝ་ཤིང་ཊོན་དུ་དོན་གཅོད་ལས་ཁང་གི་དངུལ་ཁང་རྩིས་སྒོ་ Bank A/c ཁག་ལྔ་ཕྱི་ཟླ་ ༧ པའི་ཚེས་ ༡༦ གོང་ཆ་ཚང་སྒོ་བརྒྱབ་དགོས་པའི་དངུལ་ཁང་གི་སྔོན་བརྡ་འབྱོར་སྐོར་ཕྱི་དྲིལ་ལས་ཁུངས་ནས་བཀའ་ཤག་ལ་སྙན་སེང་ཞུས་ཏེ་བྱེད་ཕྱོགས་གང་མྱུར་ལམ་སྟོན་ཡོང་བ་ཞུས་པར། དེ་སྐོར་འབྲེལ་ཡོད་ལས་ཁུངས་བརྒྱུད་ཛ་དྲག་ལམ་སྟོན་གནང་དགོས་གྱུར་ཡོད། འོན་ཀྱང་རྗེས་སུ་དོན་གཅོད་ནས་དངུལ་ཁང་གི་འགན་འཛིན་མི་སྣར་འབྲེལ་གཏུགས་སྐབས་དངུལ་ཁང་གི་རྩིས་སྒོ་ Bank A/c གང་ཡོད་རང་འཇགས་འཇོག་འཐུས་མོས་མཐུན་བྱུང་ཡོད། དེ་ལྟ་བུའི་ལྷོད་གཡེང་དང་ཧོལ་རྒྱུགས་འཐུས་ཤོར་བྱུང་བ་བཅས་ལས་བཀའ་ཤག་ལ་ཐུགས་འཚབ་ཆེན་པོ་བྱུང་ཡོད།

༨། སྔ་ལོ་ ༢༠༡༦ ཕྱི་ཟླ་ ༩ ནང་སྦེལ་ལྗམ་རྒྱལ་ས་སྦར་སིལ་དུ་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུར་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་རྒྱལ་ས་ཌི་སི་དུ་ཡོད་པའི་དོན་གཅོད་ཀྱི་ཁང་པའི་རིན་བབས་སུ་སྤྲད་འདུག་པ་དེ་བུ་ལོན་ཡིན་དང་མིན་ཞེས་སྲིད་སྐྱོང་ལ་དྲི་བ་གནང་ཡོད། སྐབས་དེར་ཚོགས་ཕེབས་སྐུ་ཚབ་དོན་གཅོད་ཚང་མའི་མདུན་སྲིད་སྐྱོང་ནས་དངུལ་འབབ་དེ་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་སྦྱིན་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པའི་གསལ་བཤད་ལམ་སྟོན་ཞིབ་གསལ་གནང་ཡོད་རུང༌། དེར་ཡིད་ཆེས་ཆ་འཇོག་གཏན་ནས་མེད་པར་འདི་ལོ་རྩིས་ཞིབ་སྐབས་འབྲེལ་ཡོད་གོང་རིམ་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་ལ་དགོངས་སྐོར་ཙམ་ཡང་མ་ཞུས་པར་རྩིས་ཞིབ་པར་གོང་གསལ་དངུལ་འབབ་ཨ་རི་བོད་ཀྱི་ཐེབས་རྩ་ཁང་ལ་བུ་ལོན་སྤྲོད་བསྡད་ཡིན་པ་བཏོན་དགོས་པ་རྩིས་ཞིབ་པར་ནན་བརྗོད་གནང་ཡོད། རྒྱལ་ས་ཌི་སིར་ཡོད་པའི་ཨ་རི་དོན་གཅོད་ཁང་གི་ཁང་པའི་རིན་འབབ་བྱུང་སོང་ཆ་ཚང་རྩིས་ཁྲར་གསལ་འཁོད་ཡོད་པ་དང་དེ་འབྲེལ་རྩིས་ཞིབ་དག་མཆན་སོགས་ཡིག་ཆ་ཆ་ཚང་བསྟན་རྒྱུ་ཡོད། དེ་ལྟ་བུའི་བཀའ་ཤག་ལ་ཡིད་ཆེས་མེད་པའི་རྣམ་པ་སྐུ་ཚབ་དོན་གཅོད་ཅིག་ནས་བསྟན་པར་བརྟེན་སྔ་རྗེས་ཀྱི་བྱེད་བབ་དེ་དག་ཕྱོགས་བསྡོམས་བརྒྱབ་སྟེ་འདི་ལོ་ཕྱི་ཟླ་ ༧ པའི་ནང་བླང་དོར་བརྡ་སྟོན་གྱི་བཀོད་ཁྱབ་གསུམ་པ་དེ་ཉེན་བརྡ་མཐའ་མའི་ངོ་བོར་བཏང་དགོས་གྱུར་ཡོད།

༩། སྔ་ལོ་ ༢༠༡༦ ཕྱི་ཟླ་ ༧ པའི་ནང་བསྐོ་གཞག་ཟིན་པའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་རྒྱལ་སྤྱིའི་འབྲེལ་མཐུད་ཀྱི་གཞུང་འབྲེལ་ཟབ་སྦྱོང་སྐབས་བཀའ་བློན་འོས་མི་བུད་མེད་ཅིག་ལ་ཁྱེད་རང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱས་ན་ཁྱེད་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་པ་སོགས་ཚོུད་ ༤ ཙམ་རིང་སྲིད་སྐྱོང་ལ་དམའ་འབེབས་སྣ་ཚོགས་བྱས་ཏེ་ཁོ་མོའི་བློ་སྣ་འགྱུར་ཐབས་ངན་བསླབ་སྣ་ཚོགས་བྱས་ཡོད་པ་མ་ཟད། ཌི་སི་ཁུལ་གྱིས་གཙོས་ས་ཁུལ་ག་པར་ཕེབས་ཀྱང་སྲིད་སྐྱོང་དང་ད་ལྟའི་བཀའ་ཤག་ལ་དམའ་འབེབས་ཀྱི་གཏམ་གླེང་བྱ་རྒྱུ་འཆར་ཅན་ལྟ་བུ་བྱེད་བཞིན་པ་འདི་རིགས་སྐུ་ཚབ་དོན་གཅོད་ཅིག་གི་ངོས་ནས་ཤིན་ཏུ་མ་འོས་པ་མ་ཚད་བཀའ་ཤག་གི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་ལག་བསྟར་གནང་མཁན་གྱི་སྐུ་ཚབ་དོན་གཅོད་ཅིག་ནས་བཀའ་ཤག་གི་དགོངས་གཞི་བསྒྲུབས་མ་ཐུབ་པར་ངོས་འཛིན་བྱས།

༡༠། ཨ་རི་སྐུ་ཚབ་དོན་གཅོད་དེ་ལྟར་བོད་མིའི་སྒྲིག་འཛུགས་དང་ཨ་རི་གཞུང་གི་དབར་ཆབ་སྲིད་ཀྱི་གནས་བབ་ཆ་ནས་དོན་གཅོད་གལ་ཆེ་ཤོས་ཅིག་ཆགས་ཡོད་པར་བརྟེན། ད་ཡོད་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་བཀའ་ཤག་གི་དབར་ཕན་ཚུན་ཡིད་ཆེས་བློས་འགེལ་ཐུབ་པའི་ཁོར་ཡུག་ཅིག་སྐྲུན་མ་ཐུབ་པ་མ་ཟད། འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་འོག་གོང་རིམ་ལ་བརྩི་བཀུར་བྱ་སྤུ་གནོན་ལྟར་ཡོང་གི་མེད་པ་བཅས་ལ་བརྟེན། ད་ཡོད་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་གཏོང་རྒྱུར་བཀའ་ཤག་ནས་སྤྱི་མོས་ཐག་གཅོད་གནང་བ་ཞིག་ཡིན། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད།
འཕོ་འགྱུར་གྱི་དུས་ཚོད་ཐད། བཀའ་ཤག་ནས་དགོངས་ཞིབ་བཀའ་བསྡུར་ནན་ཏན་གནང་སྟེ་དུས་ཚོད་རན་ཤོས་ལ་ཐག་གཅོད་བྱུང་བའི་རྒྱུ་མཚན་གཙོ་བོ་ཕྱི་ཟླ་ ༡༢ པའི་ནང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་Congress ནང་ ༢༠༡༨ ལོའི་སྔོན་རྩིས་གཏན་འབེབས་གནང་གི་ཡོད་པ་དང༌། དེ་བཞིན་སྲིད་འཛིན་ཌོ་ནལ་ཊམ་རྒྱ་ནག་ལ་གཟིགས་སྐོར་ཕེབས་པའི་རྗེས་འབྲེལ་ U.S Tibet China Policy ཨ་རིས་  བོད་རྒྱ་གཉིས་ཐོག་སྲིད་བྱུས་ལག་བསྟར་གྱི་གལ་འགངས་ཆེ་བའི་དུས་ཚོད་ཡིན་པ། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ད་བར་བསྐོ་གཞག་མ་ཐུབ་པ། ཕྱི་ལོ་ ༢༠༡༨ ལོའི་ནང་བཀའ་ཤག་ནས་ལས་འགུལ་གལ་ཆེ་ཁག་ཅིག་བརྩམ་རྒྱུར་ཨ་རི་ཁུལ་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་གང་མང་བཟོ་ཐབས་བཅས་གལ་གནད་ཆེ་བའི་ལས་དོན་བསྒྲུབ་དགོས་སྟབས་བཅའ་ཁྲིམས་དགོངས་དོན་བཀའ་ཤག་ནས་འཕོ་འགྱུར་མི་གཏོང་ཐབས་མེད་གྱུར་པ་བཅས།

སྲིད་སྐྱོང་དང་བཀའ་ཤག་ལ་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུའི་འགན་ལྕི་པོ་ཞིག་ཡོད་པ་དང༌། བོད་མིའི་འགོ་ཁྲིད་ཀྱི་ལས་དོན་ལམ་ལྷོངས་ངང་བསྒྲུབ་རྒྱུར་ཨ་རི་སྐུ་ཚབ་དོན་གཅོད་ལྟ་བུའི་གལ་གནད་ཆེ་བའི་ལས་ཁུངས་དེའི་འགན་ཁུར་ཞུ་མཁན་གྱི་གནད་ཡོད་མི་སྣ་དེར་བཀའ་ཤག་གིས་གདེང་སྤོབས་སམ་ཡིད་ཆེས་ཐུབ་པ་ཞིག་ངེས་པར་དུ་དགོས་ཀྱི་ཡོད། དེར་བརྟེན་ད་རེས་ཀྱི་གསལ་བསྒྲགས་འདི་ལ་བརྟེན་ནས་བཀའ་ཤག་གིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་དགོས་བྱུང་བའི་རྒྱབ་ལྗོངས་ཇི་ཡིན་མང་ཚོགས་ནས་གོ་རྟོགས་ཐུབ་པའི་རེ་བ་ཡོད། བཀའ་ཤག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༧ ལ།།