16
Tue, Apr

སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བཀྲ་ཤིས་ཚེ་རིང་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༩ཉིན། སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བཀྲ་ཤིས་ཚེ་རིང་མཆོག་གིས་ཨོ་སི་ཁྲི་ལི་ཡའི་མི་མང་ལ་ནང་ཆོས་དང་ཤེས་ཡོན་ཐོག་ཞབས་འདེགས་ཞུས་དང་ཞུ་བཞིན་པར་བརྟེན། ཨོ་སི་ཁྲི་ལི་ཡའི་གཞུང་གིས་མཁན་ཟུར་རིན་པོ་ཆེ་མཆོག་ལ(order of Australia medal)ཞེས་པའི་ཆེ་བསྟོད་གཟེངས་རྟགས་གནང་གཏན་ཁེལ་བྱུང་བར་ཡི་རངས་དང་དགའ་བསུ་གྲངས་མེད་ཞུ།

ང་རྒྱལ་ཁེངས་དྲེགས་ཀྱི་རློམ་པ་དང་བྲལ་ཞིང་བག་ཕེབས་བརྟུལ་ཞུགས་ཀྱིས་ཞི་དུལ་ཆེ་བའི་ངེས་དོན་རྣལ་འབྱོར་པའི་རང་ས་ཟིན་པ་ཞིག་ལ་ཨོ་སི་ཁྲི་ལི་ཡའི་གཞུང་གིས<order of Australia medal>ཞེས་པའི་ཆེ་བསྟོད་གཟེངས་རྟགས་གནང་རྒྱུའི་གཏན་ཁེལ་བྱུང་བ་འདི་ནི་མཁན་ཟུར་རིན་པོ་ཆེ་མཆོག་གི་ཉམས་རྟོགས་ཀྱི་གཟི་དཔལ་དང་ང་ཚོ་གདན་ས་གྲྭ་རྐྱང་ཚོའི་མིག་དཔེ་ཡིན།

སྐུ་ངལ་ཁྲི་མ་འབུམ་ལ་གདོང་ལེན་གྱིས་འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་ཀྱི་ར་བའི་མདུན་ངོགས་ནས་རིག་ལམ་གྱི་རྣོ་ངར་དང་འཁོར་གསུམ་གྱི་དྷཱིཿསྒྲས་ཕར་མཐར་ཕྱིན་པའི་ངེས་དོན་གྱི་སྐྱེས་ཆེན་ཞིག་ལ་ཨོ་སི་ཁྲི་ལི་ཡའི་གཞུང་གིས<order of Australia medal>ཞེས་པའི་གཟེངས་རྟགས་གནང་རྒྱུའི་གཏན་ཁེལ་བྱུང་བ་འདི་ནི་མཁན་ཟུར་རིན་པོ་ཆེ་མཆོག་གི་གསེར་མདོག་གི་འོད་ཆེན་དང་ནང་པའི་དགེ་སློང་ཉམས་ཆུང་ཅིག་གི་རིན་ཐང་རེད།

མཆོག་གྱུར་གྱི་ལེགས་བཤད་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཕ་མཐར་ཕྱིན་པའི་དོན་གྱི་མཁས་མཆོག་ཞིག་ལ་ཨོ་སི་ཁྲི་ལི་ཡའི་གཞུང་གིས<order of Australia medal>ཞེས་པའི་གཟེངས་རྟགས་གནང་རྒྱུའི་གཏན་ཁེལ་བྱུང་བ་འདི་ནི་མཁན་ཟུར་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་གཟི་བརྗིད་དང་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྒྱལ་མཚན་འཛམ་གླིང་གི་མཁའ་དབྱིངས་སུ་སྒྲེང་པ་རེད། འདི་ལྟར་ནང་བསྟན་རིག་པའི་ལེགས་བྱང་དེ་འཛམ་གླིང་གི་ས་ཆེན་ནས་སྒྲེང་པའི་མཛད་རྗེས་ལ་སྟོབས་ལྡན་རྒྱལ་ཁབ་ཅིག་གིས་ཡི་རངས་ཀྱི་གཟེངས་རྟགས་གནང་རྒྱུ་གཏན་ཁེལ་བྱས་པ་ནི་སྐུ་ཉིད་ཀྱིས་གཞན་ཕན་གྱི་ཞབས་འདེགས་རླབས་པོ་ཆེ་ཞུས་པའི་མཚོན་རྟགས་སུ་ཡིན་པ་མ་ཟད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡངའཛམ་གླིང་གི་ས་ཆེན་འདིའི་ཐོག་མཛེས་པ་བྱས་པར་ཡིན་པས་མཁན་ཟུར་རིན་པོ་ཆེ་མཆོག་ལ་བདག་སོགས་དད་ལྡན་ཀུན་གྱིས་ཡིད་སྨོན་དང་དགའ་བསུ་གྲངས་མེད་ཞུ།

(Order of Australian Medal)ཞེས་པའི་ཆེ་བསྟོད་གཟེངས་རྟགས་འདི་ནི། ཨོ་གླིང་གཞུང་གིས་མི་སྣ་བྱས་རྗེས་ཅན་དང་གཞན་ཕན་གྱི་ལས་སྒྲུབ་མཁན་གྱི་རང་གི་མི་སེར་དང་མི་སྣ་གཞན་ལ་ཆེ་བསྟོད་དུ་འབུལ་བའི་གཟེངས་རྟགས་ཤིག་ཡིན།

སེར་བྱེས་ཏྲེ་རྨོངས་རྟུལ་ནག་པོ་འབོད་པས་བྲིས་པ་དགེའོ།

རྗེ་བླ་མ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

རྗེ་བླ་མ་མཆོག་ནི་མདོ་ཁམས་ཏྲེ་ཧོར་དཀར་མཛེས་རྒྱས་བཟང་དུ་༡༩༣༧ལོར་སྐུ་འཁྲུངས། ཕྱི་ལོ་༡༩༤༣་ལོར་ཁང་དམར་དགོན་དུ་ཞུགས། དགུང་གྲངས་༡༧ཐོག་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་ནས་ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་རྗེ་བཙུན་བྱམས་པ་བརྟན་བཟང་མཆོག་གཙུག་གི་རྒྱན་དུ་བསྟེན། སྦྱོར་ལམ་ཕྱི་རྒོལ་གྱི་རིགས་ཆུང་ཚོགས་བཞེངས་གནང་། ས་ཕག་༡༩༥༩་དུས་འགྱུར་ནང་བཙན་བྱོལ་དུ་ཕེབས་ནས་སྦག་སར་བཞུགས་ནས་སློབ་གཉེར་གནང་། ཕྱི་ལོ་༡༩༧༠་ལོར་རྒྱ་གར་ལྷོ་ཕྱོགས་མའེ་སོར་སྦེལ་ཀོབ་ཏུ་སྤོས་ནས་སྔར་བཞིན་སློབ་གཉེར་འཕྲོ་བསྐྱངས་དང་། དགེ་ཕྲུག་རྣམས་ལ་དཔེ་ཁྲིད་གནང་། དེ་ནས་གྲྭ་ཚང་གི་འཛིན་གྲྭ་ཐོན་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ཀྱི་རྒྱུགས་རྣམས་ལེགས་པར་གྲུབ་སྟེ། ཕྱི་ལོ་༡༩༨༣་ལོར་ལྷ་རམས་ཨང་རིམ་དང་པོའི་མཚན་གནས་བཞེས། ཕྱི་ལོ་༡༩༨༨་ལོར་རྒྱུད་སྨད་གྲྭ་ཚང་དུ་ཊཱིཀྐ་སྐྱོར་རྒྱུ་དང་། སྔགས་ཀྱི་དམ་འཇོག །དགེ་བསྐོས་བཅས་ལེགས་པར་གྲུབ། ཕྱི་ལོ་༡༩༩༠་ལོར་༸གོང་ས་མཆོག་གི་སྐུ་མདུན་སེ་ར་ཆོས་སྒར་དུ་སྔགས་ཀྱི་རྩོད་རྒྱུགས་ཕུལ་ཏེ་ཨང་རིམ་དང་པོའི་མཚན་གནས་ཐོབ། ལོ་དེར་ཨོ་སུ་ཁྲི་ལི་ཡར་ཕེབས་ཏེ། སྤྱན་རས་གཟིགས་ཆོས་ཚོགས་གཙོས་ཆོས་ཚོགས་དུ་མ་ཞིག་ཏུ་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་རྣམས་ལ་ལམ་རིམ་དང་བློ་སྦྱོང་ཁྲིད། ཕྱི་ལོ་༢༠༠༩་ལོར་རྒྱུད་སྨད་གྲྭ་ཚང་གི་བླ་མར་ཕེབས། ཕྱི་ལོ་༢༠༡༤་ལོར་མཁན་ཁྲིར་ཕེབས། མཁན་ཁྲི་ལས་འཁྱུར་ནས་ཀྱང་གདུལ་བྱ་རྣམས་ཀྱིས་རེ་འདོད་བཞིན་སླར་ཡང་ཕྱི་རྒྱལ་དུ་ཕེབས་ནས་ཟབ་རྒྱས་ལེགས་བཤད་ཀྱི་བདུད་རྩི་ཆར་དུ་སྙིང་བཞིན་དགྱེས་བཞིན་བཞུགས་སོ།།

རྣམ་ཐར་བྲིས་པ་པོ་སེར་ཏྲེ་ལྷ་རམས་པ་དགེ་བཤེས་བསོད་ནམས་རྡོ་རྗེ།