05
Sun, Apr

༢༠༢༠་ལོའི་ཟླ་༣་ཚེས་༡༠་ཉིན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགས་ཐེག་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་ནས་རྡ་ཞོལ་བར་ཞི་བའི་གོམ་བགྲོད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༣ པའི་ཚེས་༡༠ ཉིན། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་མཉམ་འབྲེལ་གྱི་ཐོག་ནས། བཞུགས་སྒར་རྡ་ས་རུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་དྲུག་ཅུ་རེ་གཅིག་པ་དེ་སྲུང་བརྩི་ཞུས་སོང་།

དེ་ཡང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགས་ཐེག་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་ནས་རྡ་ཞོལ་བར། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་སོགས་ཀྱི་འབོད་སྒྲ་སྒྲོག་ཞོར་ཞི་བའི་གོམ་བགྲོད་གནང་སོང་། ད་དུང་མཆོངས་གདུགས་ལ་བོད་ཀྱི་རྒྱལ་དར་དང་བོད་ལ་རང་དབང་དགོས་ཞེས་བྲིས་པའི་འཕྲེད་དར་བཅས་བཏགས་ཏེ། བར་སྣང་ནས་ལྡིང་སྐོར་གྱིས་ལས་འགུལ་ཡང་སྤེལ་སོང་།

ཉིན་མོ་འདི་དང་འབྲེལ་བའི་ཚོགས་པ་ལྔས་མཉམ་སྦྲེལ་གྱིས་བསྒྲགས་གཏམ་སྤེལ་ཞིང་། དེ་རུ་ཐོག་མར་ཉིན་མོ་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རྒྱ་གཞུང་གིས་བོད་ཐོག་ཏུ་བཟང་བའི་སྲིད་ཇུས་བཅས་བཀོད་གསལ་ལྟར་ན། སྤྱི་ལོ་༡༩༥༠ ལོ་ནས་བཟུང་། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་དང་། བཙན་གནོན། བོད་རིགས་རྩ་མེད་སོགས་ཀྱི་ཇུས་ངན་བཤམས་ཏེ། སྤྱི་ལོ་༡༩༥༩་ལོའི་ཟླ་༣ པའི་ཚེས་༡༠ཉིན། རྒྱ་གཞུང་གིས་ཟློས་གར་གཟིགས་མོལ་ཞིག་ཏུ་༸གོང་ས་མཆོག་གདན་ཞུ་བྱས་སྟབས། བོད་མི་རྣམས་རང་ངོས་ནས་༸གོང་ས་མཆོག་གི་སྐུའི་བདེ་འཇགས་ལ་སེམས་འཚབ་ཀྱིས་མགོན་པོ་གང་ཉིད་དེ་གར་མི་ཕེབས་པའི་གསོལ་འདེབས་ཞུས་ཏེ་ནོར་གླིང་གི་རྒྱ་སྒོའི་མདུན་དུ་འཛོམས་པར་མ་ཟད། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་དགོས་པའི་འབོད་སྒྲའང་བསྒྲགས། དེར་བརྟེན། རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་དང་བཙོན་འཇུག་གི་ཉེས་ཆད་བཏང་།

དེ་ནས་སྤྱི་ལོ་༡༩༧༦ལོར་མའོ་ཙེ་ཏུག་འདས་གྲོངས་མ་སོང་བའི་བར་གྱི་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་གྱི་རིང་ལ་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་རྩ་མེད་དང་། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་བསད། དེ་ནས་ཏེང་ཞའོ་ཧྥེང་གི་སྐབས་སུ། སྲིད་བྱུས་ཕྲན་བུ་གུ་ཡངས་སུ་གྱུར་སྟབས། གཞིས་བྱེས་འགྲོ་འོང་གི་གོ་སྐབས་ཤིིག་ཤར་ཞིང་། ཕུགས་རྒྱང་རིང་པོར་ཐུགས་བསམ་ཆེར་བཞེས་ཀྱིས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིས་བྱུས་བཏོན་གནང་མཛད་ཀྱང་། རྒྱ་གཞུང་གིས་དེར་བཟང་ཕྱོགས་ཀྱི་རྣམ་འགྱུར་མ་བསྟན་པར་མ་ཟད། དཔལ་འབྱོར་འཛུགས་སྐྲུན་ལ་ཁ་གཡར་ཏེ་རྒྱ་མི་འབོར་ཆེན་བོད་ཀྱི་ས་ཆར་སྤར།

དེར་བརྟེན། སྤྱི་ལོ་༡༩༨༧ལོའི་ཟླ་༩པའི་ཚེས་༢༡ཉིན། ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་གནང་མཛད་ཅིང། ཟླ་དེའི་ཚེས་༢༧ཉིན། འབྲས་སྤུངས་དགོན་པའི་གྲྭ་བ་ཉེར་གཅིག་གིས་བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་འབོད་སྒྲ་བསྒྲགས་ཏེ་གྱེན་ལངས་བྱས་པར་མང་ཚོགས་ཀྱང་དེར་མཉམ་ཞུགས་གནང་། དེ་ནས་སྤྱི་ལོ་༡༩༨༩ལོའི་ཟླ་༣པར་ལྷ་སར་གཞི་རྒྱ་ཆེ་བའི་གྱེན་ལངས་ཀྱི་ངོ་རྒོལ་བྱས་པར་བརྟེན། ལྷ་ས་གྲོང་ཁྱེར་ལོ་གཅིག་གི་རིང་ལ་དམ་དྲག་དང་བཀག་སྡོམ་བྱས། དེ་ནས་སྤྱི་༢༠༠༨ལོའི་ཟླ་༣པའི་ཚེས་༡༠ཉིན་བོད་ས་ཡོངས་ནས་མི་མང་གྱེན་ལངས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་སྟབས། བོད་མི་སྟོང་ཕྲག་མང་པོ་བཙོན་འཇུག་དང་དྲག་གནོན། དམར་གསོད་བྱས།

རྒྱ་གཞུང་གིས་བོད་ཐོག་ཏུ་འཛིན་པའི་སྲིད་བྱུས་ཕྱོགས་ཡོངས་ནས་ཇེ་དམ་དང་ཇེ་དྲག་ཏུ་འགྱུར་བཞིན་ཡོད་སྟབས། གཞིས་བཞུགས་བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་ཏུ་འཛིན་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་༸གོང་ས་མཆོག་ཕྱིར་བོད་དུ་ཕྱིར་ཕེབས་ཐུབ་པའི་རེ་སྐུལ་གནང་ཡོད།

དེ་ནས་བསྒྲགས་གཏམ་དེ་རུ་ཚོགས་པ་ལྔས་ཉིན་མོ་འདི་དང་འབྲེལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་གི་རྒྱལ་ཁབ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ལ་འདི་ལྟར་རེ་སྐུལ་ཞུ་དོན། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ངོས་འཛིན་གསལ་པོ་ཡོད་པའི་ཐོག་ནས། བོད་དོན་འཐབ་རྩོད་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་། གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མས་གཙོས་པའི་བོད་མི་རྣམས་དང་། རྒྱ་གཞུང་གི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་གཏོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།