18
Thu, Apr

༢༠༢༠་ལོའི་ཟླ་༢་ཚེས་༥ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༥ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱ་ནག་གྲོང་འཁྱེར་ཝུ་ཧན་ནས་འགོ་བཙུགས་ཏེ་ད་ལྟར་འཛམ་གླིང་སྤྱི་དང་། ལྷག་པར་དུ། བོད་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན། གཞིས་བཞུགས་བོད་མི་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་ཐུགས་གཟབ་གནང་དགོས་པའི་ལམ་སྟོན་གནང་འདུག

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བརྙན་ཐུང་ཞིག་གི་ནང་། བོད་ནང་ཡོད་པའི་བོད་མི་ཚོར་ཏོག་དབྱིབས་ནད་དུག་ལ་ཡིད་གཟབ་གནང་དགོས་པའི་ཐོག་གསུང་དོན། རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ཧ་ཅང་ཁྱབ་སྟེ་ད་ཆ་བོད་མཐོ་སྒང་དུའང་སླེབས་ཚར་བའི་གནས་ཚུལ་འདུག དེར་བརྟེན་གཞིས་ལུས་བོད་རིགས་སྤུན་ཟླ་ཚོ་སེམས་ཁྲལ་དང་དངངས་འཚབ་ཧ་ཅང་ངང་གནས་ཡོད། ཉེན་ཁ་ཏན་ཏན་ཡོད་རེད། ནད་ཡམས་དེ་རིམ་བཞིན་ཉུང་དུ་འགྲོ་ངེས་རེད། ཁྱེད་རྣམ་པས་ཐུགས་འཚབ་མ་གནང་། དེ་ཉུང་དུ་མི་འགྲོ་གོང་ཁྱེད་རྣམ་པས་སྔོན་འགོག་ལེགས་པོ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།

བཙན་བྱོལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཚང་མས་དགོན་སྡེ་སོ་སོའི་ནང་རིམས་ནད་ཞི་བར་སྨོན་ལམ་གསུང་འདོན་གནང་བཞིན་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་ཡམས་དེའི་ཐད་ལམ་སྟོན་བཀའ་སློབ་ཞིག་ཀྱང་སྩལ་ཡོད། བཀའ་སློབ་དེ་དག་སྙིང་ལ་བཅངས་ནས་ནད་ཡམས་དེར་སྔོན་འགོག་ཡོང་ཆེད་འཕྲོད་བསྟེན་གྱི་ཐོག་ནས་གཟབ་གཟབ་གནང་རོགས། ཉེ་ཆར་ང་རང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བསྐྱོད་དེ་སྤྱི་ཡོངས་རིམས་ནད་ཞི་བར་སྨོན་ལམ་རྒྱག་སྐབས། བོད་ནང་གི་བོད་མི་ཚོར་ཡང་དམིགས་པ་ནས་སྨོན་ལམ་བརྒྱབ་ཡོད། དེར་བརྟེན་ཚང་མས་ནད་དུག་སྔོན་འགོག་ཡོང་སླད་གཟབ་གཟབ་དང་སྨོན་ལམ་ཡག་པོ་བསྐྱོན་རོགས་གནང་། ཞེས་གསུངས་འདུག

སྤྱིར། ཏོག་དབྱིབས་ནད་དུག་དེ་ད་ལྟར་འཛམ་གླིང་གི་རྒྱབ་ཁབ་༢༥་ལྷག་གི་ནང་དུ་ཁྱབ་ཡོད་པ་དང་། མི་གྲངས་༣༡༤༠༠་ལྷག་ལ་ནད་དུག་དེ་ཕོགས་ཡོད་འདུག ད་ལྟར་རྒྱ་གཞུང་གིས་གསར་འགྱུར་ནང་དུ་མི་གྲངས་༦༣༠་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་འདུག བོད་ནང་དུ་ཏོག་དབྱིབས་ནད་དུག་དེ་ཡང་ཁྱབ་ཡོད་པ་དང་། དེ་དག་ནི་རྒྱ་ནག་གི་གྲོང་འཁྱེར་ཝུ་ཧན་དང་ས་ཆ་གཞན་ནས་ཡོང་བའི་མི་ཡིན་པར་འགྲེལ་བརྗོད་བྱས་འདུག བོད་པ་ཚོས་ནད་ཡམས་དེ་སྔོན་འགོག་གི་ཆེད་དུ་འདུ་འཛོམས་དང་། ཆོས་མཇལ། ལོ་གསར་གཏོང་བ་བཅས་ལ་མཚམས་འཇོག་བྱས་ཡོད་པ་དང་། དེ་བཞིན་གྲོང་སྡེ་ཁག་ལ་ཕན་ཚུན་བསྐྱོད་རྒྱུའི་ལམ་ཁ་བཀག་ཡོད་འདུག དགོན་པའི་གྲྭ་པ་གཙོས་པའི་མི་དང་བླངས་ཁག་ཅིག་གིས་མི་མང་ལ་ཁ་རས་འགྲེམས་སྤེལ་དང་། དྲ་ལམ་ཁག་ནས་སྔོན་འགོག་གི་ཐབས་ལམ་སོགས་བརྒྱུད་སྐུར་བྱེད་བཞིན་འདུག

ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་དེ་ནི་ཆམ་ནད་དང་འདྲ་བ་ཡིན་འདུག། དེའི་ནད་རྟགས་ནི་གློ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག དེར་འགོག་ཐབས་ཁག་ནི། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཕྱིར་འགྲོ་སྐབས་ཁ་རས་རྒྱོབ་པ། ལག་པ་རྒྱུན་དུ་ལེགས་པོ་འཁྲུ་བ། བཅུད་ལྡན་གྱི་ཟས་ཟོས་ནས་ནད་འགོག་གི་མ་ལག་ཤུགས་ཆེ་རུ་གཏོང་བ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཐག་ཉེ་འབྲེལ་བ་མི་བྱེད་པ། ཆམ་ནད་རིགས་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་པ་བཅས་ཡིན་འདུག