20
Sat, Apr

༢༠༢༠་ལོའི་ཟླ་༡་ཚེས་༡༣ཉིན། སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚད་དབྱིང་ཝིང་ལ་འཚམས་འདྲི་གནང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༡༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གཉིས་ཀྱིས། ཐེ་ཝན་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་བསྐྱུར་དུ་སྲིད་འཛིན་དུ་འདེམ་ཐོན་བྱུང་བར་འཚམས་འདྲི་དང་། ཐེ་ཝན་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

དེ་ཡང་། སྲིད་སྐྱོང་མཆོག་གི་འཚམས་འཕྲིན་ནང་དུ་འཁོད་དོན། ཐེ་ཝན་སྲིད་འཛིན་ཚད་དབྱིང་ཝིང་མཆོག་གི་དབུ་ཁྲིད་འོག ཐེ་ཝན་མི་མང་ཁྲོད་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་། མང་གཙོའི་ལམ་ལུགས་སྲ་བརྟན་བཅས་ཀྱི་ལས་དོན་ཐོག་འགོ་ཁྲིད་ཀྱི་ནུས་པ་གཟེངས་སུ་ཐོན་པར་ངས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུས། ཐེངས་འདིར་ལྕམ་མཆོག་བསྐྱུར་དུ་སྲིད་འཛིན་དུ་བདམས་པ་དེ་ནི་མི་མང་གིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་པ་གསལ་འདོན་བྱས་པ་མཚོན་ཐུབ། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཐེ་ཝན་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

གཞན་ཡང་། གོང་ཚེས་ཉིན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ཚད་མཐོའི་རྒྱལ་ཁ་ཐོབ་སྟེ་ཐེ་ཝན་གྱི་སྲིད་འཛིན་ལ་བསྐྱར་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག

ཁོང་གི་འཚམས་འཕྲིན་ནང་དུ་འཁོད་དོན། རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་ཐེ་ཝན་མི་མང་རྣམས་མང་གཙོའི་ལམ་བཟང་ཐོག་འགྲོ་རྒྱུར་གནོན་ཤུགས་སྤྲོད་བཞིན་ཡོད་ནའང་། ཐེངས་འདིར་རྒྱལ་ཡོངས་འོས་བསྡུའི་སྐབས་ཐེ་ཝན་མང་གཙོ་ཡར་རྒྱས་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ལས་ཐོག་ལྕམ་ཚད་དབྱིང་ཝིང་མཆོག་ལ་ཐེ་ཝན་ལོ་རྒྱུས་ཁྲོད་འོས་ཤོག་མང་ཤོས་ཐོབ་སྟེ་སྲིད་འཛིན་ལ་བསྐྱར་དུ་བདམས་ཐོན་བྱུང་བ་དེས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད།

ཁྱེད་ལ་རྒྱལ་ཁ་ཐོབ་པ་དེས་ཁྱེད་ཀྱི་ཡང་དག་པའི་འགོ་ཁྲིད་དང་། ཁྱེད་ཀྱིས་ཐེ་ཝན་ནང་མང་གཙོའི་གཞུང་གི་སྣེ་ཁྲིད་རྒྱུར་དམ་བཅའ་བརྟན་པོ་ཡོད་པ་ར་སྤྲོད་བྱུང་ཡོད། ཐེ་ཝན་མི་མང་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་ངལ་ཡོད་ཚད་ལ་གདོང་ལེན་གནང་སྟེ། ཐེ་ཝན་གྱི་མ་འོངས་པའི་ཡར་རྒྱས་ཆེད་རང་དབང་དང་ལྡན་པའི་འཛིན་སྐྱོང་གནང་མཁན་བརྟན་པོ་ཞིག་བདམས་པར་ངས་ཐའེ་ཝན་མི་མང་རྣམས་ལའང་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཐེ་ཝན་མི་མང་རྣམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ཐེ་ཝན་ནང་ཐེངས་ཁ་ཤས་གདན་འདྲེན་ཞུས་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༦ རྗེས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་༸གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུར་འགོག་རྐྱེན་བཟོས་ཡོད་སྟབས། ངས་༸གོང་ས་མཆོག་ལ་དད་པ་ཆེན་པོ་ཡོད་པའི་ཐའེ་ཝན་མི་མང་གི་ཁེ་ཕན་ཆེད་འགོག་རྐྱེན་དེ་མེད་པ་བཟོ་རྒྱུའི་རེ་བ་བྱེད་བཞིན་ཡོད།

དེ་མཚུངས་ཐེ་ཝན་གཞུང་མང་གཉིས་ནི་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་མིར་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། ཁྱེད་ཀྱི་འགོ་ཁྲིད་འོག་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ང་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད།

ད་ལྟའི་ཆར་སྤྱི་འཐུས་བཞི་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཁྱེད་དང་ཁྱེད་ཀྱི་གཞུང་ལ་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་བྱ་རྒྱུར་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད། ཁྱེད་དང་ཁྱེད་ཀྱི་སྲིད་དོན་ཚོགས་པར་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།