25
Thu, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༢༥་ཉིན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཞེས་པའི་མཛད་སྒོའི་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༢༥་ཉིན། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་བྱས་པའི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཞེས་པའི་མཛད་སྒོའི་ཐོག བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་བྱུང་བའི་བཙན་གཡེམ་སྐོར་ཐེར་འདོན་བྱེད་པའི་བརྙན་ཐུང་མདོར་བསྡུས་ཤིག་བསྟན་སོང་། ཟླ་འདིའི་ཚེས་༢༥་ཉིན་ནས་ཟླ་རྗེས་མའི་ཚེས་༡༠་དབར་དུ་བཙན་གཡེམ་དང་འབྲེལ་བའི་ཐོག་བཅར་འདྲི་དང་རྒྱུས་ལོན་བྱས་པའི་བརྙན་ཐུང་ཁྱོན་གྲངས་༡༦་བསྟན་རྒྱུ་ཡིན་འདུག

དེ་ཡང་། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཀྱི་ལས་འགུལ་གྱི་མཛད་སྒོའི་ཐོག རྡ་ས་གྲོང་སྡེ་གཞུང་གི་སྤྱི་ཁྱབ་པ་ལྕམ་ར་ཇ་ནེ་ཝ་ཡ་སི་ལགས། གྲོགས་མོ་ཚོགས་པའི་ཚོགས་མི་དང་ཕོ་མོ་འདྲ་མཉམ་དོན་གཉེར་བ་བསྟན་འཛིན་དཔལ་ཡོན་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་། ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས། བརྙན་ལེན་པ་བསྟན་འཛིན་ཕུལ་བྱུང་ལགས། རྡ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གཞོན་སྐྱེས་བཅས་ཁྱོན་མི་༣༠་ལྷག་ཞིག་མཉམ་ཞུགས་གནང་འདུག

ཐོག་མར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་ལགས་ཀྱིས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་བརྙན་ལེན་པ་བསྟན་འཛིན་ཕུལ་བྱུང་ལགས་གཉིས་ནས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་གྲོང་ཁག་བརྒྱད་ཀྱི་སྐྱ་སེར་ཕོ་མོ་ལ་ཕྱི་ནང་གཉིས་ལ་བཙན་གཡེམ་དང་ཆགས་སྲེག་རྩུབ་སྤྱོད་སོགས་ཀྱི་སྐོར་བཅར་འདྲི་རྒྱུས་ལོན་བྱས་པའི་སྐོར་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས།

༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཕོ་མོ་འདྲ་མཉམ་ཐོག་གོ་རྟོགས་སྤེལ་དགོས་པ་དང་བུད་མེད་ཚོ་ལ་བརྩི་གུས་བྱེད་དགོས་པ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐོག་བཀའ་སློབ་བརྙན་ཐུང་ཞིག་གཟིགས་འབུལ་གནང་སོང་། དེའི་རྗེས། ཨ་རིར་གནས་སྡོད་བྱེད་བཞིན་ཡོད་པའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་དང་རྩོམ་པ་པོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་མོ་རང་ཆུང་དུས་བོད་ལ་ཡོད་སྐབས། བུ་ཞིག་གིས་བཙན་གཡེམ་བྱས་རྗེས། ཕྲུག་གུ་ཆགས་ནས་རང་ཉིད་ཀྱི་ནང་མིས་ཁྱིམ་ནས་ཕྱིར་འབུད་བཏང་བའི་དཀའ་སྡུག་གི་དངོས་བྱུང་གི་ལོ་རྒྱུས་སྐོར་བརྙན་ཐུང་བརྒྱུད་ནས་བཤད་སོང་།

དེ་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་གྲོང་ཁག་བརྒྱད་ཀྱི་སྐྱ་སེར་ཕོ་མོ་གཉིས་ལ་བཅའ་འདྲི་རྒྱུས་ལོན་བྱས་པར་འགྲོ་སྐབས་ཀྱི་དཀའ་ངལ་དང་མྱོང་ཚོར་ཐོག་བརྗོད་དོན། དང་ཐོག་ཕོ་མོ་སུ་ཡིན་རུང་སྤྱི་ཚོགས་དེའི་ནང་དུ་བཙན་གཡེམ་གྱི་གནས་ཚུལ་ཡོད་མེད་ཐོག་སྐད་ཆ་འདྲི་སྐབས། བཙན་གཡེམ་གྱི་གནས་ཚུལ་དེ་འདྲ་མེད། ང་ཚོ་ཚང་མ་ནང་པ་རེད་ཟེར། འོན་ཀྱང་། རྗེས་སུ་གནས་ཚུལ་ཡག་པོ་འདྲི་སྐབས། སྤྱི་ཚོགས་ཀྱི་ནང་དུ་བུད་མེད་དང་སློབ་གྲྭ་བུ་མོ་དེ་ཚོར་བཙན་གཡེམ་དང་ཁྱིམ་ནང་དུ་ཁྱོ་གས་འདོད་པ་མེད་བཞིན་དུ་བཙན་གཡེམ་དང་དྲག་སྤྱོད་བྱས་པའི་སྐོར་སོགས་ཀྱི་གནས་ཚུལ་གྲངས་༣༢་རེག་ཡོད་སྐོར་སོགས་ཀྱི་ཐོག་འགྲེལ་བརྗོད་བྱས་སོང་།

དེ་ནས། སྐུ་མགྲོན་གཙོ་བོ་རྡ་ས་གྲོང་སྡེ་གཞུང་གི་སྤྱི་ཁྱབ་པ་ལྕམ་ར་ཇ་ནེ་ཝ་ཡ་སི་ལགས་ཀྱིས་རྒྱ་གར་ནང་དུ་བཙན་གཡེམ་གྱི་གནས་ཚུལ་མང་པོ་བྱུང་གི་ཡོད་པའི་སྐོར་དང་། ཁོ་མོས་ལོ་མང་གི་རིང་བུད་མེད་ཀྱི་ཐོབ་ཐང་དང་བཙན་གཡོམ་བཅས་ཀྱི་ཐོག་ལས་ཀ་བྱས་པ་བརྟེན་ནས་བུད་མེད་ཚོར་འཚེ་བ་གང་འདྲ་མྱོང་གི་ཡོད་མེད་དང་། མོ་རང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་སྡེ་ཚན་མཉམ་དུ་བུད་མེད་བཙན་གཡེམ་དང་འཚེ་བ་མྱོང་མཁན་ཚོར་རོགས་འདེགས་བྱེད་བཞིན་ཡོད་སྐོར་སོགས་བཤད་སོང་།

མཐའ་མར། གྲོགས་མོ་ཚོགས་པའི་ཚོགས་མི་དང་ཕོ་མོ་འདྲ་མཉམ་དོན་གཉེར་བ་བསྟན་འཛིན་དཔལ་ཡོན་ལགས་ཀྱིས་བོད་པའི་སློབ་གྲྭ་ཁག་ལྔ་ཡི་ནང་དུ་སློབ་ཕྲུག་ཚོར་བཙན་གཡེམ་གྱི་གནས་ཚུལ་དང་གོ་རྟོགས་ཡོད་མེད་ཀྱི་ཐོག སློབ་ཕྲུག་ལོ་ན་བཅུ་ནས་བཅུ་དགུ་བར་གྱི་སློབ་ཕྲུག་གྲངས་༤༠༡་ལ་དྲི་བ་དྲི་ལན་ལམ་ནས་ཉམས་ཞིབ་བྱས་པའི་སྐོར་དང་། ཉམས་ཞིབ་དེ་བརྒྱུད་ནས་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་གྲངས་བརྒྱ་ཆ་༧༥་ཡིས་བོད་པའི་སློབ་གྲྭ་ཁག་གི་ནང་དུ་བཙན་གཡེམ་གྱི་གནས་ཚུལ་གོ་མྱོང་ཡོད་པ་དང་། སློབ་ཕྲུག་གྲངས་བརྒྱ་ཆ་༢༤་ཡིས་ཁོ་རང་ཚོའི་སློབ་གྲྭའི་ནང་དུ་བཙན་གཡེམ་གྱི་གནས་ཚུལ་བྱུང་བར་ཐོས་མྱོང་ཡོད་པ། སློབ་ཕྲུག་གྲངས་བརྒྱ་ཆ་༢༡་ཡིས་ཁོ་རང་ཚོའི་གྲོགས་མོ་གྲོགས་པོ་ཚོར་བཙན་གཡེམ་བྱུང་བའི་གནས་ཚུལ་གོ་མྱོང་ཡོད་པའི་སྐོར་སོགས་ཀྱི་ཐོག་འགྲེལ་བརྗོད་བྱས་སོང་།

སྤྱིར། འདི་ལོའི་ཟླ་༩་ནང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་བརྙན་ལེན་པ་བསྟན་འཛིན་ཕུལ་བྱུང་ལགས་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་གྲོང་ཁག་བརྒྱད་ཀྱི་སྐྱ་སེར་ཕོ་མོ་གཉིས་ལ་བཅའ་འདྲི་རྒྱུས་ལོན་བྱས་ཤིང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་བཅར་འདྲི་རྒྱུས་ལོན་ལ་མཉམ་རུབ་རོགས་རམ་གནང་འདུག བརྙང་ཐུང་ཁག་གི་ནང་དུ་གནོད་འཚེ་མཁན་ལ་ནང་མིའི་འཁྲུག་འཛིང་དང་། བྱིས་པར་ཆགས་སྲེད་ཉེས་སྤྱོད། བཙན་གཡེམ། ཆགས་སྲེད་རྩུབ་སྤྱོད་བཅས་ཀྱི་གནད་དོན་ཁག་གསལ་སྟོན་བྱས་ཡོད་འདུག ལས་འགུལ་དེ་སྤེལ་སྐབས། འབྲེལ་ཡོད་དབང་འཛིན་པ་དང་གཉེན་འབྲེལ་ཚོས་གནས་ཚུལ་དེའི་རིགས་སྣང་མེད་དུ་བསྐྱུར་བར་མ་ཟད། ཉེན་ཅན་པར་རོགས་ཕན་བྱེད་བཞིན་ཡོད། གནོན་འཚེ་ཕོག་མཁན་བུད་མེད་རྣམས་སྨྲ་བ་མེད་པར་བཟོས་དང་། སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་ནག་ཉེས་རིགས་ནི་ཆེས་རྒྱུན་ལྡན་གྱི་གནས་སྟངས་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་བསྟན་ཡོད། ཅེས་འཁོད་འདུག

དེ་ཡང་། ལས་འགུལ་འདི་བརྒྱུད་ནས་ལྟེ་གནས་ཁང་དེའི་དམིགས་ཡུལ་ནི། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མེད་པའི་སྤྱི་ཚོགས་བསྐྲུན་ཐབས་སུ། ང་ཚོས་འཚེ་བའི་རིགས་ཀྱི་དངོས་བྱུང་གནས་ཚུལ་ཁག་ཐེར་འདོན་དང་སྤྱི་ཚོགས་ཀྱི་མི་མང་ཡོངས་ལ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་ཆགས་སྲེད་ཀྱི་དཀའ་རྙོག་ཐད་ནས་གོ་རྟོགས་སྤེལ་དགོས་པ་དང་། གལ་ཆེ་ཤོས་ནི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་སྔོན་འགོག་དང་ཕོ་མོ་འདྲ་མཉམ་ཡོང་ཐབས། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཚོར་རོགས་འདེགས་མཐུན་འགྱུར་གང་ཡོད་བསྐྲུན་དགོས་པ་དང་། དེ་ཡང་གལ་ཆེའི་གོམ་པ་དང་པོ་ནི། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་གྱི་མཚར་སྣང་ལ་གདོང་ལེན་དང་། འཚེ་བ་མྱོང་མཁན་ཚོར་མ་ཉེས་ཁ་གཡོག་མི་ཐེབས་པ་ངེས་གཏན་བཟོ་དགོས་པ་དང་། ཕན་ནུས་ལྡན་པའི་ལྟ་སྐྱོང་མཐུན་འགྱུར་བསྐྲུན་ཏེ། གཞུང་སྒེར་གཉིས་ཀྱིས་འཚེ་བ་མྱོང་མཁན་ལ་ལྟ་སྐྱོང་རོགས་འདེགས་དང་ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་ངེས་གཏན་བཟོ་དགོས། ཞེས་འཁོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཉིན་༡༦་རིང་བུ་མོ་དང་བུད་མེད་ལ་འཚེ་བའི་རིགས་ཚང་མ་གཏན་འགོག་ཡོང་ཐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ནང་དུ་མཉམ་ཞུགས་བྱ་འཆར་ཡོད་པ་དང་། ལས་འགུལ་འདི་ནི་ལོའི་ཟླ་༡༡་པའི་ཚེས་༢༥་ཉིན་ཏེ། རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་ཉིན་མོ་སྲུང་བརྩི་བྱེད་པའི་ཉིན་མ་ནས་འགོ་བཙུགས་ཏེ། སྤྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཏེ་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་མཇུག་བསྡུ་འཆར་ཡོད་འདུག