20
Sat, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༢༩་ཉིན། རྡ་སའི་ཟློས་གར་ཚོགས་ཁང་དུ་༸གོང་ས་མཆོག་གིས་གསུང་བཤད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༢༩་ཉིན། བཞུགས་སྒར་རྡ་སའི་བོད་ཀྱི་ཟློས་གར་ཚོགས་པའི་ནང་དུ། ༸གོང་ས་མཆོག་གིས་བོད་ཀྱི་འཐབ་རྩོད་དེ་བདེན་པར་བརྟེན་ཡོད། རྒྱ་ནག་གི་འཐབ་རྩོད་དེ་གོ་མཚོན་ལ་བརྟེན་ཡོད། དེར་བརྟེན། འཛམ་གླིང་གི་ལོ་རྒྱུས་ཀྱི་ནང་དུ། གོ་མཚོན་འོག་ཏུ་མནན་ནས་ནམ་ཕུགས་ཁུངས་ཆོད་མེད། བདེན་པའི་འཐབ་རྩོད་ག་དུས་ཡིན་ནའང་སེལ་གྱི་རེད། ང་ཚོའི་བདེན་པར་བདེན་པའི་མཐའ་སེལ་ཐུབ་པའི་ནུས་པ་ཏན་ཏན་ཡོད་རེད། ཅེས་གསུངས་སོང་།

དེ་ཡང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་རྙེད་ནས་ལོ་ངོ་༦༠་འཁོར་བའི་མཛད་སྒོའི་ཐོག བོད་ཀྱི་བླ་ན་མེད་པའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་པའི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཙོས་པའི་སྤྱི་འཐུས་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་རྣམ་པ། ཟློས་གར་ཚོགས་པའི་ལས་བྱེད་རྒན་གཞོན་པ་རྣམ་པ། གཞུང་འབྲེལ་མེད་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ས་སྐྱ་མི་མང་བཅས་མི་ཁྱོན་བརྒྱ་ཕྲག་ཁ་ཤས་ཕེབས་གནང་འདུག

ཐོག་མར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟློས་གར་ཚོགས་ཁང་གསར་པ་བོད་ཀྱི་གར་གླུ་རིག་རྩལ་ཁང་དབུ་འབྱེད་གནང་སོང་། དེ་ནས་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་ཟློས་གར་ཚོགས་པའི་ལོ་རྒྱུས་མདོར་བསྡུས་ཞིག་དང་། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ནང་དུ། ཚོགས་ཞུགས་པ་རྒྱལ་སྤྱིའི་མཁས་དབང་གྲངས་༡༧་དང་བོད་པའི་མཁས་དབང་༦་བཅས་ཁྱོན་མི་གྲངས་༢༣་གྱིས་ཉིན་གྲངས་གསུམ་གྱི་རིང་ཚོགས་པའི་བགྲོ་གླེང་རྣམས་དེབ་དཔར་བསྐྲུན་བྱ་འཆར་ཡིན་སྐོར་བརྗོད་སོང་།

དེའི་རྗེས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ཐོག་ངོ་སྤྲོད་གནང་སོང་།

དེ་ནས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གི་ལམ་སྟོན་དང་བོད་ཀྱི་ཟློས་གར་ཚོགས་པའི་མི་རབས་རྒན་པ་ཚོའི་སྐུ་ལས་བརྒྱབ་པར་བརྟེན། ལོ་ངོ་༦༠་རིང་ལ་བོད་ཀྱི་རིག་གཞུང་ཉར་ཚགས་བྱས་ཡོད་མ་ཟད། སློབ་གྲྭ་ཁག་གི་ནང་དུ་བོད་ཀྱི་ཟློས་གར་དང་རིག་གཞུང་སློབ་རྒྱུ་དང་། ཕྱི་རྒྱལ་ཁབ་ཁག་གི་ནང་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱས་དང་བྱེད་མུལ་རེད། དེ་བཞིན། ༸གོང་ས་མཆོག་དང་བོད་པའི་མི་རབས་རྒན་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་དུ་ཡོད་རུང་། བོད་པའི་ཤེས་ཡོན་གནས་ཚད་དང་། ཐུན་མོལ་མ་ཡིན་པའི་རིག་གཞུང་། ཆོས་སོགས་ཀྱི་ཐོག་ནས་འཛམ་གླིང་ནང་གི་བཙན་བྱོལ་མི་འདྲ་ཞིག་ཆགས་ཐུབ་ཡོད། ༸གོང་ས་མཆོག་གིས་བཀའ་དྲིན་ནི་བླ་ན་མེད་པ་རེད། དེར་བརྟེན། ༢༠༢༠་ལོ་ནི་༸གོང་ས་མཆོག་ལ་ཐུགས་རྗེ་ཆེའི་ལོ་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།

དེའི་རྗེས། ༸གོང་ས་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་དོན། ང་ཚོས་ཕྱི་མིག་ཅིག་བལྟས་པ་ཡིན་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་གཏོད་གནང་། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་རྒྱ་གར་ནས དཔལ་ན་ལེནྡྲ་ཆོས་བརྒྱུད་བོད་ལ་གདན་འདྲེན་ཞུས། ང་ཚོའི་མེས་པོ་ཚོ་རླབས་ཆེན་རེད། ང་ཚོའི་མི་རབས་རྒན་པ་རྣམས་ཀྱིས་ཆོས་རྒྱལ་ཡབ་སྲས་ཡི་ལམ་སྟོན་བཞིན་ཤར་བསྐྱོད་བྱས་ནས་ཡག་པོ་བྱུང་ཡོད། འོན་ཀྱང་། བོད་སིལ་བུ་ཐོར་དུས། བོད་ཀྱི་ཆོས་རྒྱལ་ཚོའི་སྐབས་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་བྱས་ཡོད་པ་དེ་དུམ་བུ་ཕྱིན་ཡོད། ཆབ་སྲིད་ཀྱི་ཐོག་ནས་བོད་ཆོལ་ཁ་གསུམ་ཁ་ཐོར་དུ་ཕྱིན་ཡོད་རུང་། བོད་ཀྱི་ཆོས་དང་སྐད་ཡིག་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་གྱི་བོད་མི་ས་ཡ་དྲུག་གཅིག་སྒྲིལ་བྱས་ནས་བསྡད་ཡོད། འཛམ་གླིང་ཐོག་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཡོད་མཁན་ནི་བོད་པ་གཅིག་པོ་ལྷག་ཡོད། སྤྱི་ཡོངས་ནས་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ནང་ཆོས་ལ་དད་པ་བྱེད་ཀྱི་ཡོད། ཆོས་ལུགས་མཐུན་སྒྲིལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་འདིར་ཞི་བདེ་བག་ཕེབས་སྡོད་ཡོད། འོན་ཀྱང་། འཛམ་གླིང་ས་ཕྱོགས་གཞན་པར་ཆོས་ཀྱི་རྒྱུ་མཚན་གྱིས་གསོད་རེས་གཏོང་གི་ཡོད་རེད། སེམས་སྐྱོ་བའི་གནས་ཚུལ་རེད། ཆོས་ནི་སེམས་འདུལ་བའི་ཆེད་དུ་རེད། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་དང་། ཆོག་ཤེས། བཟོད་སེམས་བྱེད་དགོས་པར་གསུང་གི་ཡོད་རེད།

རྒྱ་ནག་ཆ་བཞག་ན་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཆགས་ཡོད། རྒྱ་མི་ནང་པ་ཆགས་པའི་ཟུར་ལ་བོད་ཀྱི་ཆབ་སྲིད་ཀྱི་ཐོག་ལ་ཤུགས་རྐྱེན་ཡོང་གི་རེད། ང་ཚོས་ཆོས་དང་རིག་གཞུང་གི་ཐོག་ནས་འཛམ་གླིང་འདིའི་ཐོག་མཐོང་དང་ཆ་འཇོག་སླེབས་བསྡད་དུས། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ནག་གསུབ་གཏོང་མི་ཐུབ་པར་གསལ་པོ་ཆགས་ཡོད། རྒྱ་ནག་གི་བསམ་བློ་གུ་དོགས་པོ་ཡོད་མཁན་ཚོས་བོད་དྲག་གནོན་བྱེད་པའི་སྲིད་ཇུས་འཛིན་པ་རེད་དེ། དེ་ཡོང་མི་འདུག བོད་ཀྱི་གནས་ཚུལ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་དཀའ་ངལ་སེལ་ཐུབ་བྱེད་དགོས་འདུག་ཅེས་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་དུ་བསམ་ཚུལ་ཡོང་བསྡད་ཡོད། དེར་བརྟེན། རིམ་པས་འགྱུར་བ་འགྲོ་ཡི་རེད། དེ་འདྲ་ཡིན་དུས། ང་ཚོ་བཙན་བྱོལ་བ་ཚོས་རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་དང་རིག་གཞུང་གཏིང་ཟབ་འཁྱེར་ནས། ད་བར་བོད་ཅེས་པ་འདི་ཡལ་བ་མེད་པ་བསྡད་ཡོད། བོད་མི་རབས་རྒན་པ་ཚོས་འཛམ་གླིང་གང་སར་ཤུགས་རྐྱེན་སླེབས་པ་བཟོས་ཐུབ་ཡོད། དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་བཙན་བྱོལ་ནང་དུ་ཡོད་པའི་བོད་པ་ཚོས་ཤུགས་སྣོན་བརྒྱབ་པའི་འབྲས་བུ་རེད། ངོས་ཀྱིས་མགོ་ཁྲིད་ནས་བོད་མི་ཚོས་སེམས་ཤུགས་སྐྱེད་ནས་བྱས་པ་རེད། གཙོ་བོ་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་རེད། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོའི་ལྷག་བསམ་སྙིང་སྟོབས་ལས་བྱུང་བ་རེད། དེར་ཐུགས་རྗེ་ཞུ་རྒྱུ་ཡིན།

ཟློས་གར་ཚོགས་པ་ནི་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་རེད། ད་བར་ཤུགས་བརྒྱབ་པ་རེད། ང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་གི་འཐབ་རྩོད་ཡིན་དུས། མི་རབས་བརྗེས་འགྲོ་ཡི་ཡོད་རེད། འོན་ཀྱང་། མི་རིགས་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་དགོས། དེར་བརྟེན། ཟློས་གར་ཚོགས་པའི་མི་རབས་གསར་པ་ཚོས་ཤུགས་རྒྱག་ཤོག བོད་ཀྱི་འཐབ་རྩོད་དེ་བདེན་པར་བརྟེན་ཡོད། རྒྱ་གཞུང་གི་འཐབ་རྩོད་དེ་གོ་མཚོན་ལ་བརྟེན་ཡོད། དེར་བརྟེན། འཛམ་གླིང་གི་ལོ་རྒྱུས་ཀྱི་ནང་དུ། གོ་མཚོན་འོག་ཏུ་མནན་ནས་ནམ་ཕུགས་ཁུངས་ཆོད་མེད། བདེན་པའི་འཐབ་རྩོད་ག་དུས་ཡིན་ནའང་སེལ་གྱི་རེད། ང་ཚོའི་བདེན་པའི་ནུས་པ་དེས་བདེན་པའི་མཐའ་སེལ་ཐུབ་པའི་ནུས་པ་ཏན་ཏན་ཡོད་རེད། བྱས་ཙང་། ཚང་མ་སེམས་ཤུགས་མ་ཆགས་པར་ཧུར་ཐག་བྱེད་དགོས། ངོས་རང་ད་ལྟར་ལོ་༨༥་རེད། ད་དུང་ཡིན་ཡང་ལོ་ངོ་༡༠་དང་༡༥་འཚོ་ཐུབ་ཀྱི་རེད། ངོས་ཀྱིས་ཧུར་ཐག་བྱེད་ཀྱི་ཡིན། ཁྱོད་ཚོས་མུ་མཐུད་ནས་ཧུར་ཐག་བྱེད་དགོས་རེད། ཅེས་གསུངས་སོང་།