19
Fri, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༡༥་ཉིན། ཅན་ཌི་གྷའི་གཙུག་ལག་སློབ་གཉེར་ཁང་གིས་༸གོང་ས་མཆོག་ལ་གོ་ལའི་དབུ་ཁྲིད་གཟེངས་རྟགས་ཞེས་པ་ཞིག་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༡༦་ཉིན་སྤེལ། ཉེ་ཆར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག ཅན་ཌི་གྷའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་སྐབས། སེམས་ཀྱི་དཀའ་རྙོག་སེལ་ཐབས་ནི་རྒྱ་གར་གྱི་གནའ་རབས་རིག་གནས་ནང་དུ་ཡོད་པས། དེ་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་བྱེད་དགོས་པའི་བཀའ་སྩལ་འདུག

དེ་ཡང་། ཟླ་འདིའི་ཚེས་༡༤་དང་༡༥་ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་མངའ་སྡེ་པན་ཇ་པུ་དང་ཧ་རི་ཡ་ནའི་རྒྱལ་ས་ཅན་ཌི་གྷར་ཁོངས་སུ་རྟེན་གཞི་བྱས་པའི་ཅིཏ་ཀ་ར་གཙུག་ལག་སློབ་གཉེར་ཁང་(Chitkara University)དང་ཅན་ཌི་གྷའི་གཙུག་ལག་སློབ་གཉེར་ཁང་(Chandigarh University)དུ་ཕེབས་ཡོད་འདུག

སྤྱིར། ༸གོང་ས་མཆོག་ཟླ་འདིའི་ཚེས་༡༣་ནས་བཞུགས་སྒར་རྡ་ས་ནས་ཅན་ཌི་གྷར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་༡༤་ཉིན། ༸གོང་ས་མཆོག་རྒྱ་གར་ཅན་ཌི་གྷར་དུ་རྟེན་གཞི་བྱས་པའི་ཅིཏ་ཀ་ར་གཙུག་ལག་སློབ་གཉེར་ཁང་་(Chitkara University)ལ་ཕེབས་ནས། རྒྱལ་སྤྱིའི་གོ་ལའི་འདུ་ཚོགས་ཐེངས་ ༡༡ དབུ་འབྱེད་མཛད་པ་དང་སྦྲགས་བཀའ་སློབ་སྩལ་འདུག

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག དགེ་ལས་སློབ་མ་གྲངས་ ༡༢༠༠ བརྒལ་བར་བཀའ་སློབ་སྩལ་དོན། ང་ཚོ་ཆུང་བྱིས་པའི་གནས་སྐབས་སུ་གཞན་ལ་རང་བཞིན་བཅོས་མིན་གྱི་མཛའ་བརྩེའི་བསམ་པ་ཡོད། དེ་ནས་ནར་སོན་སྐབས་རང་གཞན་གྱི་བསམ་བློ་དེ་སླེབས་པ་རེད། དེང་དུས་ཤེས་ཡོན་ལམ་ལུགས་དེ་ནུབ་ཕྱོགས་ནས་དར་བ་ཞིག་རེད། འོན་ཀྱང་རྒྱ་གར་ནང་ལ་མཚོན་ན་ལོ་ངོ་མང་པོའི་གོང་ནས་འཚེ་བ་མེད་པ་དང་། བྱམས་བརྩེ། ཞི་གནས་དང་ལྷག་མཐོང་སོགས་ཉམས་ལེན་དར་སྲོལ་ཡོད། ནང་པ་སངས་རྒྱས་པ་དང་གཅེར་བུ་བ་གཉིས་སྲོལ་རྒྱུན་དེ་དག་ནས་མཆེད་པ་ཞིག་རེད། རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་དེ་དག་ཐོག་དེང་དུས་ཤེས་ཡོན་བསྣན་ནས་ང་ཚོས་ངེས་པར་སློབ་སྦྱོང་བྱེད་དགོས། དེ་ལྟར་མིན་ཚེ་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་དཔལ་འབྱོར་འཛུགས་སྐྲུན་ཁོ་ན་མ་གཏོགས་ནང་གི་བསམ་བློ་གཏོང་སྟངས་ཐོག་དོ་སྣང་རྩ་བ་ནས་བྱེད་ཀྱི་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག

དེའི་རྗེས། ཅི་ཊ་ཀ་ར་མཐོ་སློབ་ཀྱིས་༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེ་དང་ཤེས་ཡོན་གོང་སྤེལ་གྱི་ཐོག་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་ཞུ་ཆེད། མཁས་པའི་མཚན་གནས་ལག་འཁྱེར་ཞིག་ཀྱང་འབུལ་གནང་འདུག

རྒྱལ་སྤྱིའི་གོ་ལའི་འདུ་ཚོགས་ཐེངས་ ༡༡ དབུ་འབྱེད་མཛད་སྒོའི་ཐོག རྒྱལ་ཁབ་མང་པོ་ནས་་དགེ་རྒན་ཕེབས་ཡོད་ཅིང་། སྤྱིར་དུས་ཐུང་ཤེས་ཡོན་སློབ་སྤེལ་གྱི་ལས་གཞི་དེར་གོ་ལའི་བདུན་ཕྲག ཅེས་འབོད་སྲོལ་ཡོད་འདུག སྡིངས་ཆ་དེ་བརྒྱུད་དགེ་རྒན་ཚོས་སོ་སོས་ཉམས་མྱོང་བརྗེ་ལེན་དང་སློབ་ཕྲུག་ཚོར་གོ་རྟོགས་ཀྱི་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་དུས་ཚོད་བཟང་པོ་ཞིག་ཡིན་འདུག

དེ་ནས་ཟླ་འདིའི་ཚེས་༡༥་ཉིན། ༸གོང་ས་མཆོག་ཅན་ཌི་གྷའི་གཙུག་ལག་སློབ་གཉེར་ཁང་ནང་དུ་ཕེབས་ནས། དེར་དེང་རབས་ཤེས་ཡོན་ཁྲོད་ཀྱི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད། དེའི་སྐབས། སེམས་ཀྱི་དཀའ་རྙོག་སེལ་ཐབས་ནི་རྒྱ་གར་གྱི་གནའ་རབས་རིག་གནས་ནང་དུ་ཡོད་པས་དེར་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་བྱེད་དགོས་པའི་བཀའ་སྩལ་འདུག

དེ་ཡང་། ཟླ་འདིའི་ཚེས་༡༥་ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅན་ཌི་གྷར་གཙུག་ལག་སློབ་གཉེར་ཁང་ནང་དུ་ཕེབས་ཡོད་པ་དང་། དེའི་སྐབས། དགེ་སློབ་གྲངས་༤༠༠༠་ལྷག་གིས་ཕེབས་བསུ་ཞུས་ཡོད་འདུག

ཐོག་མར། ཁོང་གིས་འཚམས་འདྲི་དང་སྦྲགས། ང་ཚོ་ཚང་མ་བདེ་སྐྱིད་ལྡན་པའི་མི་ཚེ་འདོད་མཁན་རྐྱང་རེད། ང་ཚོར་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་བའི་ཐོབ་ཐང་ཡང་ཡོད། དེ་བཞིན། ཚན་རིག་པས་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་ར་སྤྲོད་བྱས་ཡོད། 

ང་ཚོའི་མི་ཚེ་ནི་ཨ་མའི་བརྩེ་བར་བརྟེན་ནས་འགོ་བཙུགས་ཡོད། རྗེས་སུ་ང་ཚོ་གང་འདྲ་ཆགས་ནའང་། ང་ཚོའི་འཚོ་བ་ནི་མི་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་འཚོ་དགོས་ཡོད། དེར་བརྟེན། ང་ཚོས་འགྲོ་བ་མིའི་རང་བཞིན་གྱི་ཡོན་ཏན་བྱམས་དང་སྙིང་གི་ས་བོན་འདེབས་དགོས་པ་གལ་ཆེན་པོ་ཆགས་ཡོད།

འོན་ཀྱང་། དེང་རབས་ཀྱི་དུས་འདིར། ཕྱིའི་དངོས་པོ་ཡར་རྒྱས་ཐོག་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སེམས་ནང་གི་ཞི་བདེ་ཐོག་ལ་དོ་སྣང་བྱེད་པ་ཉུང་ཉུང་ཡིན། དཀའ་ངལ་མང་པོ་ཞིག་སེམས་ཀྱི་དཀའ་ངལ་ཡིན་དུས། དཀའ་ངལ་དེ་དག་སེལ་ཐབས་ནི་རྒྱ་གར་གྱི་གནའ་རབས་རིག་གནས་ནང་དུ་ཡོད། ལྷག་པ་དུ། དཔལ་ཎ་ལེན་ཌའི་ཆོས་བརྒྱུད་ནང་དུ་ཡོད། དེར་བརྟེན། ངོས་ཀྱིས་རྒྱ་གར་གྱི་རིག་གནས་ནི་དེང་རབས་འདིར་ད་དུང་དགོས་མཁོ་ཆེན་པོ་ཡོད་པ་མཐོང་གི་འདུག

དགེ་རྒན་ཆེན་པོ་ཎ་ཎ་ཡི་འཁྲུངས་སྐར་ཐེངས་༥༥༠་པ་དེ་སྲུང་བརྩི་བྱེད་བཞིན་ཡོད་རེད། ཁོང་ནི་ཧིན་དུ་བླ་མ་ཞིག་ཡིན་རུང་། ཁ་ཆེའི་གནས་ཆེན་མེ་ཁ་ལ་ཆོས་འཇལ་དུ་ཕེབས་པ་རེད། དེ་ནི་ཆོས་ལུགས་ཕན་ཚུན་བར་ལ་ཞི་གནས་དང་གུས་བརྩི་བྱེད་དགོས་པའི་གལ་ཆེན་རང་བཞིན་མཚོན་གྱི་ཡོད།

ཁོང་ཁྲོ་དང་ཞེ་སྣང་། རང་གཅེས་འཛིན་ནི་མི་རིག་པ་ལས་འབྱུང་གི་ཡོད་པ་དང་། ང་ཚོས་ཀླད་པ་བེད་སྤྱོད་བཏང་ནས་རིག་པས་དཔྱད་ན་སེམས་ཀྱི་ཞི་བདེ་ཐོབ་ཐུབ་པ་མ་ཟད། ཚང་མ་དང་མཉམ་དུ་གྲོགས་པོ་འགྱུར་ཐུབ། ཅེས་བཀའ་སྩལ་འདུག

དེ་ནས། ༸གོང་ས་མཆོག་གིས་ཐུགས་ཀྱི་དམ་བཅའ་བཞིའི་སྐོར་ལ་འགྲེལ་བརྗོད་གནང་ཡོད་པ་དང་། ཁོར་ཡུག་གི་གལ་ཆེན་རང་བཞིན་དང་སྲུང་སྐྱོབ་བྱེད་དགོས་པའི་སྐོར་ཡང་གསུངས་ཡོད་འདུག གཞན་ཡང་། རྒྱ་གར་གྱི་ནང་ཆོས་དེ་བོད་ལ་ཇི་ལྟར་དར་ཚུལ་སོགས་སྐོར་གསུངས་འདུག

དེའི་རྗེས། ཅན་ཌི་གྷའི་གཙུག་ལག་སློབ་གཉེར་ཁང་གིས་༸གོང་ས་མཆོག་ལ་གོ་ལའི་དབུ་ཁྲིད་གཟེངས་རྟགས་ཞེས་པ་ཞིག་གནང་འདུག

ཟླ་འདིའི་ཚེས་༡༦་ཉིན། བོད་ཀྱི་བླ་ན་མེད་པའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག བཞུགས་སྒར་རྡ་སར་ཞབས་སོར་བདེ་བར་འཁོད་གནང་སོང་།