11
Wed, Dec

༢༠༡༩་ལོའི་ཟླ་༡༠་ཚེས་༧ ཉིན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་ནས། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གི་ལས་ཁུར་དམ་བཅའ་ཞུ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༠་ཚེས་༧་ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་ནས། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་སོང་། དེ་ནས་ཁོང་གིས་བོད་མི་ཡིན་པའི་ལ་རྒྱ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།

དེ་ཡང་། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ་ཚོགས་མི་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འཐུས་ཚོགས། དེ་བཞིན་ཁྱབ་ཁོངས་སྡེ་མཚན་ཁག་གི་འགན་འཛིན་བཅས་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། འདེམས་ཐོན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས་སོང་།

དེའི་རྗེས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ལ་རྟེན་འབྱུང་མཇལ་དར་སྒྲོན་འབུལ་གནང་བ་དང་འབྲེལ། དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད། སྐུ་མགྲོན་རྣམ་པས་རིམ་བཞིན་༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་འདེམས་ཐོན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ལ་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་ཞུས་རྗེས་མཛད་སྒོ་གྲོལ་སོང་།

དེ་ནས། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་གསར་འགོད་པ་རྣམས་ལ་གསུང་དོན། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་འདེབས་ཐོན་བྱུང་ནས། དེ་རིང་དམ་བཅའ་དམ་འབུལ་ཞུས་པ་རེད། ལས་འགན་འདི་གཉིས་ཀ་ཧ་ཅང་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་གང་འདྲ་ཡོང་མིན་ནི་ལས་ཁུངས་འདི་གཉིས་བརྒྱུད་ཤུགས་ཆེན་པོ་རེག་ལས་ཡོད་རེད། གཙོ་བོ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་འགྲོ་རྒྱུ་དང་། དེ་བཞིན། འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་སྒྲིག་གཞི་ཡོད་རེད། དེ་དག་གཞི་བཞག་ཐོག་ལས་དོན་སྒྲུབ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་ནས། ༢༠༢༡་ལོའི་འོས་བསྡུའི་ཐོག་གང་གནང་འཆར་ཡོད་པའི་སྐོར་འདྲི་སྐབས། ཁོང་གིས་མ་འོངས་པར་བྱ་རྒྱུའི་ལས་དོན་དང་འཆར་སྣང་མང་པོ་ཡོད། རྗེས་སུ་ལས་དོན་དེ་ཚོ་གསལ་བོ་ཆགས་ཀྱི་རེད། འོས་བསྡུ་ལྷན་ཁང་གིས་ངོས་ནས་འོས་བསྡུའི་སྒྲིག་གཞི་དང་འོས་བླུགས་སྟངས་སོགས་ཀྱི་ཐོག་གོ་རྟོགས་སྤེལ་ངེས་ཡིན། གཙོ་བོ་མང་ཚོགས་སོ་སོའི་ཀུན་སློང་འཁྱེར་སྟངས་ཧ་ཅང་གལ་ཆེན་པོ་རེད། བོད་པ་ཞིག་ཡིན་པའི་ཆ་ནས་ཆོལ་ཁ་ཆོས་ལུགས་ནི་གཞི་རིམ་གྱི་རྨང་གཞིའི་སྒྲོམ་གཞི་ཞིག་རེད། ཁྱོན་ཡོངས་ནས་བོད་མི་ཞིག་ཡིན་པའི་ལ་རྒྱ་དགོས་པར་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ང་ཚོའི་སེམས་པའི་ནང་དུ་བཞག་པ་ཡིན་ན། ༸གོང་ས་མཆོག་གི་བཀའ་དྲིན་འོག ང་ཚོར་དཀའ་ངལ་གང་ཡང་ཡོང་གི་མ་རེད་བསམ་གྱི་འདུག་ཅེས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།