09
Mon, Dec

ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༢༣་ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པར་གྲོས་ཚོགས་སུ། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་བདམས་ཐོན་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་སུ་གསལ་བསྒྲགས་གནང་སོང་།

དེ་ཡང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་གསུམ་པར་གྲོས་ཚོགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་འདེམས་ཐོན་གནང་ཆེད་དུ། སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ནང་དུ་གསང་བའི་འོས་ཤོག་འཕངས་ཡོད་པ་དང་། དེའི་ཁོངས་ནས་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་འོས་གྲངས་ ༢༣ ཐོབ་ཡོད་པ་དང། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་སུ་འོས་གྲངས་ ༡༨་དང་། རྩིས་མེད་ ༡ བྱུང་སྟེ། དཔེ་ཟུར་དབང་འདུས་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་བདམས་ཐོན་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་སུ་གསལ་བསྒྲགས་གནང་འདུག

དཔེ་ཟུར་དབང་འདུད་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༥༩ ཟླ་ ༠༧ ཚེས་ ༠༡ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་སྐྱེས་ཤིང་། སྦེལ་ཀོབ་གཏན་སློབ་ཐོན་རྗེས་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཤཱསྟྲི་ཐོན། ཕྱི་ལོ་ ༡༩༨༣ ཟླ་ ༥ ཚེས་ ༡༥ ཉིན་གནས་དགུ་པའི་ཐོག་དཔལ་འབྱོར་འདུ་འགོད་ཁང་གི་ཚོད་ལྟའི་གཞོན་དྲུང་། ཕྱི་ལོ་ ༡༩༨༤ ཟླ་ ༧ ཚེས་ ༡ ཉིན་གནས་དགུ་པ་ལས་བྱེད་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༨༤ ཟླ་ ༡༡ ཚེས་ ༡༥ ཉིན་གནས་རང་འཇགས་ཐོག་སྦེལ་ཀོབ་ཕྱུགས་བཟོའི་དངུལ་གཉེར་དུ་གནས་སྤོས། ཕྱི་ལོ་ ༡༩༨༨ ཟླ་ ༡ ཚེས་ ༡ ཉིན་གནས་རང་འཇགས་ཐོག་འབུམ་ལ་བསྟན་སྒང་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ཉིན་ལས་དོའི་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡༥ ཉིན་འབུམ་ལ་དང་བསྟན་སྒང་གཞིས་འགོ་གཅིག་ལྕོགས་སུ་གནས་སྤོས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༣ ཉིན་སྡེ་འགན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༡ ཉིན་ཧུན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༢ ཉིན་དྲུང་ལས་གནས་རིམ་ཐོག་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༢༥ ཉིན་འབུམ་ལ་དང་བསྟན་སྒང་གཞིས་འགོ་གཅིག་ལྕོགས་སུ་ལས་འགན་བཀོད་སྒྲིག

ཕྱི་ལོ་ ༡༩༩༧ ཟླ་ ༦ ཚེས་ ༢༡ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༡ ཉིན་མན་སྤར་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༣ ཚེས་ ༩ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༢ ཉིན་ཀོ་ལི་གྷལ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༢༢ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༦ ཉིན་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢ དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན་བོད་ཀྱི་ཟློས་གར་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་ཀྱིས་ཞབས་ཕྱི་ཞུ་མུས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།