17
Thu, Oct

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༢༣་ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པར་གྲོས་ཚོགས་སུ། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་གནང་འདུག

དེ་ཡང་། གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་འོས་འདེམས་གནང་ཆེད་དུ། སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དེ་སྔའི་སུད་སི་སྐུ་ཚབ་དོན་གཅོད་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་དུ་གསང་བའི་ཐོག་འོས་ཤོག་འཕངས་ཡོད་པ་དང་། དེའི་ཁོངས་ནས་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་སུ་འོས་གྲངས་ ༨་དང་། སྟོང་པ་ ༣ དང་རྩིས་མེད་ ༡ བཅས་དང་། དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ ཐོབ་ཡོད་པ་རེད། དེར་བརྟེན། དྭགས་པོ་བསོད་ནམས་ནོར་བུ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་ཡོད་པར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསལ་བསྒྲགས་གནང་སོང་།

གཞན་ཡང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་གྲོས་ཚོགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་གནང་ཆེད་དུ། སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་། རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་འོས་ཤོག་བླུགས་ཡོད་པ་དང་། དེའི་ཁོངས་ནས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ལ་འོས་གྲངས་ ༢༨ ཐོབ་ཡོད་པ་དང་། རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་ལ་འོས་གྲངས་ ༡༡་དང་། སྟོང་པ་ ༡ དང་རྩིས་མེད་ ༢ བྱུང་སྟེ། དེར་བརྟེན། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་བྱུང་བར་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསལ་བསྒྲགས་གནང་སོང་།

དྭགས་པོ་བསོད་ནམས་ནོར་བུ་ལགས་ནི། ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༢༠ ནས་གནས་བརྒྱད་པ་ཐོག་ལྡི་ལི་དོན་གཅོད་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུ་བསྐོ་གཞག་གནང་བ་དང༌། ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༣ ནས་གནས་བདུན་པ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་གཞོན་དུ་གནས་སྤར་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༨ ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར། ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་ལོ་ ༡ རིང་ཨ་རིར་གཞུང་འབྲེལ་སློབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་སུ་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་ཀྱི་འབྲེལ་མཐུད་འགན་འཛིན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡ ནས་གནས་རང་འཇགས་ཐོག་ལྡི་ལི་དོན་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༩ ནས་དྲུང་འཕར་དུ་གནས་སྤར་གྱིས་ཕྱི་དྲིལ་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༩ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༢ ནས་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དུ་གནས་སྤོས་བསྐོ་གཞག ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢ ནས་ཕྱི་དྲིལ་ལས་ཁུངས་སུ་ཕྱི་འབྲེལ་དྲུང་ཆེར་གནས་སྤོས་ཀྱིས་ཞབས་ཕྱི་ཞུ་མུས་སུ་ཡིན་འདུག

བསྟན་འཛིན་ལུང་རྟོགས་ལགས་ནི། ཕྱི་ལོ་ ༡༩༦༩ ཟླ་ ༧ ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༠ ལོར་སྦེལ་ཀོབ་དབུས་བོད་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༩༣ ལོར་ཅན་དྷི་སྒར་མཐོ་སློབ་ནས་ཐུན་མོང་གཙུག་ལག་སློབ་ཐོན་དང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༡ ནས་དྲུང་གཞོན་ལས་རོགས་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་གསར་བསྐོ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༨ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་སུ་ལས་འགན་བསྐོ་གཞག་གནང་འདུག

ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༢༤ ནས་ལས་ངོར་བསྐོ་གཞག་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༡༠ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༩ ནས་དྲུང་ཆེ་གཞོན་པར་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༥ ནས་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༡ ནས་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༤ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༧ ཚེས་ ༡༢ ནས་གཞུང་ཞབས་འདེམས་ལྷན་གྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༩ ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༠ ནས་ཟུང་དྲུང་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༨ ནས་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༡ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༥ ནས་འོས་བསྡུ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ནས་ལས་འགན་རང་འཇགས་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གིས་ཞབས་ཞུ་ཞུ་བཞིན་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།