23
Tue, Apr

༢༠༡༩་ལོའི་ཟླ་༩་ཚེས་༢༠་ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༩་ཚེས་༢༠་ཉིན། བཞུགས་སྒར་རྡ་ས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་སོང་། དེའི་སྐབས། ཚོགས་གཙོ་མཆོག་གིས་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མཐུན་སྒྲིལ་ཡོང་བར་གྲོས་ཚོགས་ནས་འགོ་འཛུགས་དགོས་ཞེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་༩:༣༠་ཐོག སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་སོང་བ་དང་། ཐོག་མ་དེར། སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཚམས་འདྲི་དང་སྦྲགས། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ངོ་སྤྲོད་གནང་དོན། ཉིན་དང་པོའི་ནང་དུ། མྱ་ངན་གྲོས་ཆོད་གྲོས་འཆར་དང་། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར། དེ་ནས་ཁྲིམས་འཆར་ལྔ་ཡོད། འཛིན་སྐྱོང་བཀའ་ཤག་གི་ལོ་གཅིག་གི་ལས་བསྡོམས་སྙན་སྒྲོན་ཞུས་ནས་བགྲོ་གླེང་དང་དྲི་བ་དྲི་ལན་བྱ་རྒྱུ་ཡིན། ཅེས་གསུངས་སོང་།

ལོ་འདིའི་ནང་དུ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་དེ་ ལཊ་ཝི་ཡ་(Latvia) རྒྱལ་ས་རི་ག་(Riga) ཚོགས་ཐུབ་པ་རེད། དེ་ཡང་། གཙོ་བོ་དེ་རྒྱབ་སྐྱོར་བ་ནི་ལཊ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ཇ་ནི་སུ་ནར་ཊིར་སུ་ཀུ་ཇ་(Mr. Janis Martin Skuja) ལགས་ཀྱིས་ཐུགས་འགན་གཙོ་བོ་བཞེས་གནང་ཡོད་རེད། ཁོང་ལ་སྡིངས་ཆ་འདི་བརྒྱུད་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། དེ་བཞིན། ཟླ་འདིའི་ཚེས་༡༣་ཉིན་ལ། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། ༢༠༡༩་ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་བཅས་ཁྲིམས་(Tibet Policy and support Act,2019)ཞེས་པ་བཏོན་གནང་བ་རེད། དེ་ནས་གྲོས་ཚོགས་གོང་མིའི་ནང་དུ་འདོན་རྒྱུ་རེད། དེའི་ཐོག་ཏུ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་མཁན་ཚང་མར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་ནས། ཁོང་གིས་སླར་ཡང་གསུང་དོན། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ཞུ་གཏུགས་ཆེད་དུ་སྤྱི་འཐུས་རྣམ་པ་རིམ་པ་བཞིན་ཕེབས་ཡོད་སྐོར་དང་། མང་ཚོགས་ལ་གོ་རྟོགས་སྤེལ་བའི་ཆེད་དུ། བོད་མིའི་ས་གནས་འཐུས་མིར་ལ་ཟབ་སྦྱོང་གནང་ཡོད། ང་ཚོ་ནི་མི་མང་གིས་འོས་འདེམས་བྱས་པའི་སྐུ་ཚབ་ཞིག་རེད། སྤྱི་འཐུས་རྣམ་པས་རྒྱ་ཆེ་མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་འབུལ་དགོས་ཡོད་རེད། དེ་འདྲ་ཡིན་ཙང་། ང་ཚོ་ངོས་ནས་མི་མང་གི་དངོས་འདོད་བཞིན་ཇི་ལྟར་སྒྲུབ་དགོས་མིན་ཐོག་ལ་དགོངས་པ་བཞེས་དགོས་འདུག གནད་འགག་རེད། སྐབས་རེར་མི་མང་གི་དགོངས་ཚུལ་གྱི་ནང་དུ། སྤྱི་ཚོགས་ཀྱི་ནང་དུ་མཐུན་མ་མཐུན་དང་འགྲིག་མ་འགྲིག་ཡོང་བའི་འགོ་འཛུགས་ས་དེ་གྲོས་ཚོགས་ནས་ཡོང་གི་འདུག་ཅེས་གསུང་གི་འདུག དེ་འདྲ་ཡིན་ན་ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་རེད། དེར་བརྟེན། དེ་སྔ་གང་བྱུང་པ་ནི་འདས་པའི་ལོ་རྒྱུས་རེད། ད་ནས་བཟུང་། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མཐུན་སྒྲིལ་ཡོང་བར་གྲོས་ཚོགས་ནས་འགོ་འཛུགས་དགོས་འདུག

ང་ཚོས་རྒྱུན་དུ་བསམ་བློའི་ནང་དུ་འཇོག་དགོས་པ་ནི། ༸གོང་ས་མཆོག་གི་བཀའ་སློབ་ནང་དུ། ངོས་ལ་གྲོགས་པོའི་འདུ་ཤེས་ཏོག་ཙམ་ཡོད་ན། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ནམ་ཡང་མི་བྱོས་ཞེས་གསུངས་ཡོད། བཀའ་སློབ་འདི་ཐུགས་ལ་བཞག་དགོས་པར་ཧ་ཅང་གལ་ཆེན་པོ་རེད། མདོར་ན། གྲོས་ཚོགས་ཚོགས་དུས་བརྒྱད་པ་འདི་གྲུབ་པའི་རྗེས། རྩ་བའི་བླ་མ་རྣམ་པའི་ཐུགས་དགྱེས་པ་དང་། མི་མང་ལ་བློ་བདེ་པོ་ཡོང་ཐུབ་བྱེད་པར་ང་ཚོའི་ལས་འགན་ཆགས་ཡོད། དེར་བརྟེན། ཚང་མས་ཐུགས་སྣང་གནང་རོགས། རྩ་བའི་ཆ་ནས་མི་སྒེར་སོ་སོར་ལྟ་བ་མཐུན་དང་མི་མཐུན་ཡོང་གི་རེད་ལ་ཡོང་དགོས་རེད། འོན་ཀྱང་། དེས་བེད་སྤྱོད་ལོག་པ་བཏང་ན་འགྲིག་གི་ཡོད་མ་རེད། ནང་ཁུལ་མི་མཐུན་པར་མཐུན་ཐབས་འཚོལ་དགོས་པར་གལ་ཆེན་པོ་རེད། དེ་བཞིན་མི་མང་ཚོར་སློབ་གསོ་རྒྱག་དགོས། གང་ལྟར། ང་ཚོའི་སྤྱི་ཚོགས་འདི་ལྷིང་འཇགས་པོ་དང་། བག་ཕེབས་པོ། ལྷག་པར་དུ། ང་ཚོའི་རྩ་དོན་རྩོད་པར་རྡོག་རྩ་གཅིག་སྒྲིལ་བྱས་ནས་འགྲོ་དགོས། ང་ཚོ་དུམ་པོ་མང་པོ་ཆགས་པ་ཡིན་ན། རྩ་དོན་རྩོད་པར་ཁག་པོ་ཆགས་ཀྱི་རེད། སྤྱི་ཚོགས་ཀྱི་ནང་དུ། མངོན་གསལ་དོད་པོ་མེད་པའི་ལས་འགན་ཡོད་མཁན་མང་པོ་ཡོད་རེད། ཁོ་ཚོའི་ལག་ཆ་མི་ཆགས་པར་བྱེད་རྒྱུ་ནི་གལ་ཆེན་པོ་རེད་ཅེས་གསུངས་སོང་།

དེའི་རྗེས། ཚོགས་གཙོ་མཆོག་གིས་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག་གནང་སོང་།

དེ་ནས། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་དགུ་བཞག་སོང་། དེ་དག་ནི་བོད་མི་མང་རྙིང་མའི་སྤྱི་འཐུས་ཟུར་པ་ཐུབ་བསྟན་ཉི་མ་དམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་ཟུར་མདོ་སྔགས་བསྟན་འཛིན་དམ་པ། བོད་མི་མང་མདོ་སྟོད་སྤྱི་ཟུར་ནོར་བུ་དཀོན་མཆོག་དམ་པ། བོད་མི་མང་དབུས་གཙང་སྤྱི་འཐུས་ཟུར་པ་པདྨ་ཚེ་དབང་དམ་པ་བཅས། སྐུ་གཤེགས་ཚོའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཤུལ་ལུས་གཉེན་ཉེ་དང་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་དང་། དེ་ནས་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་གོང་མིའི་སྤྱི་མཐུན་ཚོགས་བའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ཅཌ་ལུའུ་བྷར(Sen. Richard Lugar)་དམ་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤི་ལ་ཌིག་ཤིཊ་(Smit. Sheila Dikshit) དམ་པ། རྒྱ་གར་གྱི་མ་རྡི་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་སྦ་བུ་ལ་གྷར( Babulal Gaur) དམ་པ། རྒྱ་གར་བྷི་ཧར་མངའ་སྡེའི་མི་མང་སྟོབས་ཤུགས་གཅིག་སྒྲིལ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་ཅན་ཊྲ་པྶ་ཝན( Ram Chandra Paswan)་དམ་པ། རྒྱ་གར་དབུས་གཞུང་གི་བློན་ཆེན་པོ་ཟུར་པ་སྐུ་ཞབས་རམ་ཇེཌ་མ་ལ་ནི( Ram Jethmalani)་དམ་པ་བཅས་། སྐུ་གཤེགས་དམ་པ་ཚོའི་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཚོའི་སྐུ་ཚེ་མ་ཟིན་པར་བོད་དོན་འཐབ་རྩོད་ལའང་གྱོང་གུད་ཆེན་པོ་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་ཞུས་སོང་།

དེ་ནས། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོག་ཞུ་བའི་ནང་དུ། དང་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། བོད་གཞིས་བྱེས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་ལྟ་བུ་ཡིན་པར། རྒྱ་གཞུང་གི་དབང་འཛིན་པ་ཚོས་མཚན་སྨད་སྐུར་འདེབས་ཀྱི་ཁ་བྲལ་ལས་རིགས་རྣམས་མཚམས་བཞག་དགོས་དང་། ༸གོང་ས་མཆོག་གི་སྐུ་ཡི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་མཆོག་རང་ལས་ཆོས་མེད་སྨྲ་བ་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པ། གཉིས་པ། རྒྱ་གཞུང་གིས་ཞི་བའི་གྲོས་མོལ་འཕྲལ་དུ་འགོ་འཛུགས་དགོས་པ། གསུམ་པ། ༸པཎ་ཆེན་རིན་པོ་ཆེ་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོས་དགོས་པ། བཞི་པ། ཕྱི་ལོ་༢༠༡༨་ལོར་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ལུགས་དེ་ལག་བསྟར་ཡོང་ཆེད་ཕྱོགས་ཡོངས་ནས་འགན་ཁུར་ཆེ་བཞེས་དགོས་པའི་རེ་སྐུལ། རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་ཕྱིར་བསྐྱོད་ལག་འཁྱེར་བཙན་འཕྲོག་བྱས་པར་གང་མགྱོགས་དོ་བདག་ལ་རྩིས་སྤྲོད་དགོས་པ། ལྔ་པ། རྒྱལ་སྤྱིའི་གཞུང་དང༌། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། མི་སྒེར་བཅས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད། ལྷག་པར་བོད་དོན་ལ་སྨན་པའི་ཁྲིམས་ཡིག་དང་གྲོས་ཆོད་གཏན་འབེབས། ཕྱི་ནང་གི་མཐུན་རྐྱེན་སྦྱོར་སྤྲོད་སོགས་གནང་དང་གནང་བཞིན་བ་ཡོངས་ལ་ཐུགས་རྗེ་བླ་ན་མེད་པ་ཆེ་ཞུ་རྒྱུ་ཡིན་ཞེས་ཞུས་སོང་།

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་དགུ་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་ནི་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་སོང་།