18
Thu, Apr

༢༠༡༩ལོའི་ཟླ་༩་པའི་ཚེས་༡༡་ཉིན། ༢༠༡༩ལོའི་ཨེ་ཤི་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངལ་ཁུལ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༡༡་ཉིན། རྡ་ས་གངས་སྐྱིད་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ཚོགས་ཁང་ནང་དུ། རྒྱལ་སྤྱིའི་རྣམ་དཔྱོད་མཉམ་འབྲེལ་ས་ཁུལ་ཚོགས་པ་(International Coalition of Sites of Conscience) དང་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཀྱིས་གོ་སྒྲིག་འོག རྒྱལ་ཁབ་༧་ནས་ཕེབས་པའི་ཚོགས་ཞུགས་པ་༡༡་བཅས་ཀྱིས། ཉིན་གསུམ་གྱི་༢༠༡༩ལོའི་ཨེ་ཤི་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངའ་ཁུལ་ཚོགས་འདུ་(Asian Sites of Conscience Regional Meeting 2019 )དེ་འགོ་འཛུགས་བྱས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡་ཙམ་ལ། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ཚོགས་ཁང་གི་ནང་དུ། ༢༠༡༩ལོའི་ཨེ་ཤི་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངལ་ཁུལ་ཚོགས་འདུ། མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུལ་བཞག་དང་། བྱུང་རབས་ལོ་རྒྱུས། དངོས་རྫས་བཅས་ཕྱིར་དྲན་གྱིས་སླར་གསོ་བྱེད་ཅེས་པའི་བརྗོད་གཞི་ཐོག དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་། དེའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་དང་། དེ་ནས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས། རྒྱལ་སྤྱིའི་རྣམ་དཔྱོད་མཉམ་འབྲེལ་ས་ཁུལ་ཚོགས་པའི་ས་གནས་འགན་འཛིན་སི་ལི་ཝི་(Silvia Fernandez Munguia)་གཙོ་པའི་ཚོགས་བཅར་བ་བཅས་མི་གྲངས་༢༠་ཙམ་ཞིག་འཛོམས་འདུག

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཚོགས་འདུའི་སྐོར་ངོ་སྤྲོད་གནང་དོན། རྣམ་དཔྱོད་ཀྱི་ལྟེ་གནས་ཞེས་པ་འདི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན། ༢༠༡༨་ལོར་རྣམ་དཔྱོད་ཀྱི་ལྟེ་གནས་འདིར་ང་ཚོ་ཚོགས་མི་རུ་འཛུལ་ཞུགས་བྱས་ཡིན། ཚོགས་པ་འདི་ནི་འགྲེམས་སྟོན་ཁང་གི་ལས་དོན་བྱེད་ཕྱོགས་ལ་མཐུན་སྦྱོར་གནང་བའི་ཆེད་དུ་བཙུགས་པ་ཞིག་རེད། ཁོ་ཚོས་ལོ་རེར་ཚོགས་འདུ་ཐེངས་རེ་འཚོགས་ཀྱི་ཡོད་པ་དང་། ༢༠༡༨་ལོའི་ཚོགས་འདུ་དེ་ཀོམ་པོ་ཌེར་ལ་ཚོགས་པ་རེད། ད་ལོ་ཨེ་ཤེ་ཡའི་ཚོགས་འདུ་དེ་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་ཞུ་རོགས་ཞེས་གསུངས་སོང་། དེར་བརྟེན། ༢༠༡༩ལོའི་ཨེ་ཤི་ཡའི་རྣམ་དཔྱོད་ཀྱི་ལྟེ་གནས་ཁག་གི་མངལ་ཁུལ་ཚོགས་འདུ་གོ་སྒྲིག་བྱས་ཤིང་། ཚོགས་འདུ་འདི་ནི་ཟླ་འདིའི་ཚེས་༡༡་ནས་༡༣་བར་འཚོགས་ཀྱི་ཡོད་ལ། རྒྱལ་ཁབ་༧་ནས་ཕེབས་པའི་ཚོགས་ཞུགས་པ་༡༢་ཡོད། དེ་ཡང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནི་ཧྥི་ལི་པི་དང་། སི་གྷ་ལ། ཀོམ་པོ་ཌིར། རྒྱ་གར། བྷན་ལ་ཌི་ཤི། སི་པན། བལ་ཡུལ་བཅས་ཡིན། ཚོགས་འདུའི་སྐབས་སུ་བོད་པའི་གནད་དོན་ཐོག་ལ་གཞི་རྒྱ་ཆེན་པོའི་ངོ་སྤྲོད་ཡོང་རྒྱུར་དམིགས་ནས། ཉིན་དང་པོར། རྡ་སའི་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔ་དང་འགྲེམས་སྟོན་ཁང་ནས་སྐུ་ཚབ་གསུམ་གྱིས་ཚོགས་ཞུགས་རྣམས་ལ། བོད་པའི་གནད་དོན་དང་འབྲེལ་བའི་ངོ་སྤྲོད་དང་བསམ་ཚུལ་རྗེས་ལེན་བྱ་རྒྱུ་རེད། ཉིན་གཉིས་པ་ནས་དངོས་སུ་འགྲེམས་སྟོན་ཁང་དུ་ལས་ཀ་གང་འདྲ་བྱེད་དགོས་མིན་སྐོར་དང་། མི་རབས་གསར་བ་ཚོའི་དབར་ལ་འབྲེལ་བ་ག་འདྲ་བཞག་དགོས་མིན་སྐོར་སོགས་ཀྱི་ཐོག་ལ་ཚོགས་འདུ་འཚོགས་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ༡༩༥༩ ལོར་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་རྗེས། ༸སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚགས་ཚུད་བྱུང་ཡོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་བཏང་ཐུབ་ཡོད། ད་དུང་བཙན་བྱོལ་བོད་མིའི་གཞོན་སྐྱེས་རྣམས་ལ་ཤེས་ཡོན་སྤྲད་ཐུབ་ཡོད་པ་དང་། བོད་མིའི་འཐབ་རྩོད་མུ་མཐུད་གསོན་པོར་གནས་ཐུབ་ཡོད། ཅེས་སོགས་ཀྱི་སྐོར་གསུངས།

དེ་ནས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱིས་འགྲེམས་སྟོན་ཁང་གལ་ཆེན་པོ་ཡིན་པའི་སྐོར་བརྗོད་དོན། བོད་ཀྱི་འགྲེམས་སྟོན་ཁང་འདི་ཧ་ཅང་གལ་ཆེན་པོ་རེད། འགྲེམས་སྟོན་ཁང་འདི་བརྒྱུད་ནས་བོད་ཀྱི་འདས་མ་ད་གསུམ་གྱི་གནས་ཚུལ་རྣམས་རྒྱལ་སྤྱིའི་མི་མང་ལ་ངོ་སྤྲོད་བྱེད་རྒྱུར་ཕན་ཐོགས་ཀྱི་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་མི་རབས་གསར་པ་བོད་མཐོང་མ་མྱོང་མཁན་ཚོ་ལའང་བོད་པའི་དངོས་ཡོད་གནས་ཚུལ་དེ་དག་འགྲེམས་སྟོན་བརྒྱུད་ནས་གོ་རྟོགས་སྤེལ་ཐུབ་ཀྱི་རེད། དེར་བརྟེན། དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་རེད། དེ་བཞིན། དེ་རིང་འདིར་ཨེ་ཤི་ཡའི་རྒྱལ་ཁབ་མི་འདྲ་བ་ཁག་ནས་ཕེབས་པའི་ཚོགས་ཞུགས་བ་ཚོས་རང་གི་ཉམས་མྱོང་དང་གནས་ཚུལ་སོགས་ཕན་ཚུན་ལ་རྗེས་ལེན་བྱེད་པར་ཕན་ཐོགས་ཡོང་གི་བསམ་གྱི་འདུག ཅེས་བརྗོད་སོང་།