19
Fri, Apr

༢༠༡༩ལོའི་ཟླ་༩་ཚེས་༧་ཉིན། ཐེངས་དང་པོའི་ན་གཞོན་ནུས་སྟོབས་གོང་འཕེལ་ཟབ་སྦྱོང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༧་ཉིན། བཞུགས་སྒར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་མགྲོན་ཁང་དུ། ཐེངས་དང་པོའི་ན་གཞོན་ནུས་སྟོབས་གོང་འཕེལ་ཟབ་སྦྱོང་ཐོག ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་འདི་བརྒྱུད་ནས་ན་གཞོན་ཚོ་ཡག་པོ་ཆགས་ཐུབ་ན་རང་ཉིད་དང་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་བོད་མིའི་མདུན་ལམ་སློབ་སྟོན་ཁང་གིས་གོ་སྒྲིག་འོག ན་གཞོན་ནུས་སྟོབས་གོང་སྤེལ་ཟབ་སྦྱོང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་བ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་དང་། རྒྱ་གར་ཟབ་སྦྱོང་སྤྲོད་མཁན་མཁས་ལས་པ་གཉིས། ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིག་འཛིན། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ། ཟབ་སྦྱོང་ནང་དུ་འཛུལ་ཞུགས་པ་༡༧་བཅས་འདུག

དབུ་འབྱེད་མཛད་སྒོའི་ཐོག་མར། ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིག་འཛིན་གྱིས་ངོ་སྤྲོད་བྱེད་དོན། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་འཛུལ་ཞུགས་པ་ཚོའི་མི་ཚེའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཆེད་དུ་དང་། མི་ཚེའི་ནང་དུ་ཐག་གཅོད་བྱེད་སྟངས་སོགས་ཀྱི་ཐོག་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་དབང་འདུས་ཚེ་རིང་ལགས་ཀྱིས་བརྗོད་དོན། ང་ཚོ་བོད་པར་རིག་གཞུང་དམིགས་བསལ་ཞིག་ཡོད་པ་དང་། དབུ་ཁྲིད་བཟང་པོ་༸གོང་ས་མཆོག་ལྟ་བུ་ཡོད། དེ་བཞིན་ང་ཚོ་གཞན་དང་བསྡུར་ན་འཚོ་རླུང་(Oxygen)་མི་འདྲ་ཡོད། དེར་བརྟེན། བོད་པ་ཚོས་གང་བྱེད་བསམས་ན་བྱེད་ཐུབ་ཀྱི་རེད། གཙོ་བོ་རང་ཉིད་ཀྱི་དམིགས་ཡུལ་འདེམས་སྟངས་མ་ནོར་བ་བྱེད་དགོས། དེའི་ཁྲོད་སོ་སོ་དགའ་མོས་ཡོད་པར་འདེམ་དགོས། དེ་ནས་བརྩོན་འགྲུས་བྱེད་དགོས་པ་དང་ལས་ཀར་རིན་ཐང་སྤྲོད་དགོས། བརྩོན་འགྲུས་བྱས་ན་མི་གྲུབ་པར་མེད། སེམས་ཤུགས་མ་ཆགས་པར་བྱེད་དགོས་ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། ཟབ་སྦྱོང་འདིའི་རྗེས་སུ། རང་ཉིད་ལ་ཟབ་སྦྱོང་འདི་བརྒྱུད་ནས་གོ་རྟོགས་གསར་པ་དང་ཅིག་རེག་སོང་བསམས་པའི་སེམས་པ་དགོས། དེ་ནས་རྗེས་སུ་ཁྱོད་ཚོ་ཡག་པོ་ཆགས་ན་རང་ཉིད་དང་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་བརྗོད་སོང་།

འཛུལ་ཞུགས་པ་ཕལ་མོ་ཆེས་རང་ཉིད་ངོ་སྤྲོད་དང་འབྲེལ་བའི་བརྗོད་དོན། རང་ཉིད་ཀྱི་མི་ཚེའི་ནང་གང་བྱེད་དགོས་མིན་དང་དམིགས་ཡུལ་གང་འདེམ་དགོས་མིན་ཤེས་ཀྱི་མི་འདུག དེར་བརྟེན། ཟབ་སྦྱོང་འདི་བརྒྱུད་ནས་དེའི་ཐོག་ལམ་སྟོན་དང་གོ་རྟོགས་རེག་པའི་རེ་བ་ཡོད་ཅེས་བརྗོད་སོང་།

ཟབ་སྦྱོང་འདིའི་ནང་དུ་རྒྱ་གར་ས་གནས་༡༡་ནས་ཡོང་བའི་ན་གཞོན་༡༧་འཛུལ་ཞུགས་བྱས་འདུག བདུན་ཕྲག་གཅིག་གི་རིང་དཀའ་ངལ་སེལ་ཐབས་དང་། སོ་སོ་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན། འཚེ་བ་མེད་པའི་འབྲེལ་བ་བྱེད་སྟངས་སོགས་ཀྱིས་ཐོག་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག