18
Thu, Apr

༢༠༡༩ལོའི་ཟླ་༨་ཚེས་༡༤་ཉིན། མ་ན་ལིར་༸གོང་ས་མཆོག་གིས་མི་མང་རྣམས་ལ་བཀའ་སློབ་གནང་སྐབས། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༡༦་ཉིན་སྤེལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདི་ཚེས་༨་ཉིན། བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་ནས་མ་ཌི་མ་ན་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། དེར་༸གོང་ས་མཆོག་གིས་སེར་སྐྱ་མང་ཚོགས་ཀུན་ལ་སངས་རྒྱས་པའི་ཆོས་ལ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པས་སློབ་སྦྱོང་བྱེད་རྒྱུ་དང་། སློབ་སྦྱོང་དང་འབྲེལ་ནས་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཤེས་པ་ཡིན་ན། ཉམས་ལེན་བྱེད་རྒྱུ་ཡོང་གི་རེད་ཅེས་བཀའ་སློབ་གནང་འདུག

དེ་ཡང་། ཟླ་འདིའི་ཚེས་༡༠་ཉིན། ༸གོང་ས་མཆོག་མ་ན་ལིར་རྟེན་གཞིས་བྱས་པའི་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་༧ཞབས་སོར་བདེ་བར་འཁོད་མཚམས་མཁན་པོ་བློ་བཟང་བསམ་གཏན་ལགས་དང་། ཀུ་ལུ་ས་གནས་འགོ་འཛིན་གྱིས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། སྐབས་དེར ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་བྱེས་ཀྱི་མངའ་རིས་གྲྭ་ཚང་དུ་འབྱོར་བ་རེད། དྭགས་པོ་གྲྭ་ཚང་ཕར་ཕྱོགས་སུ་ཡོད། རིན་པོ་ཆེ་མཆོག་གིས་མངའ་རིས་གྲྭ་ཚང་ཞིག་འཛུགས་ཐུབ་ན་ཞེས་པར་འདིར་མ་ན་ལིར་དགེ་ལུགས་དགོན་པ་ཞིག་ཡོད་པ་དེ་མངའ་རིས་གྲྭ་ཚང་བཟོ་ན་ཞེས་ཉམས་པ་སླར་གསོ་བྱུང་བ་རེད། མངའ་རིས་གྲྭ་ཚང་འདི་མངའ་དྭགས་རྒྱལ་གསུམ་ཞེས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་འབྲེལ་བ་ཡོད་པ་རེད། མངའ་རིའི་དག་སྣང་ནི་དགེ་འདུན་རྒྱ་མཚོས་གསར་དུ་ཕྱག་བཏབ་པ་ཞིག་དང་། དེ་ཡང་མངའ་རིས་ཕྱོགས་ནས་གྲྭ་རྒྱུན་གང་ཙམ་ཡོད། དགེ་འདུན་རྒྱ་མཚོས་བོད་དུ་གསར་བཙུགས་གནང་བའི་འོན་མངའ་རིས་གྲྭ་ཚང་ཞེས་པ་འདི་བྱུང་བ་ཡིན་པ་རེད། རིན་པོ་ཆེ་བགྲེས་སོང་རེད་དེ་ཧུར་ཐག་གནང་སྟེ་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། བཀྲ་ཤིས་བདེ་ལེགས་ཡོད།

སངས་རྒྱས་པའི་ཆོས་ལ་དད་པ་ཡོད་མཁན་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སློབ་སྦྱོང་བྱེད་རྒྱུ་དང་། སློབ་སྦྱོང་དང་འབྲེལ་ནས་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཤེས་པ་ཡིན་ན། ཉམས་ལེན་བྱེད་རྒྱུ་ཡོང་གི་རེད། དེར་བརྟེན་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོག་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། སྒྲུབ་པ་བྱེད་པ་ཁོ་ན་ཡིན། ཞེས་པ་དེ་མཐའ་ཅིག་ཏུ་རབ་བྱུང་ཁོ་ནར་གསུང་གི་མེད། སྐྱ་སེར་ཕོ་མོ་དབྱེ་བ་མེད་པས་ཚང་མས་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག

ང་ཚོ་ནང་པ་ཚོ་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་ཞེས་ངོས་ཀྱིས་དེང་སྐབས་འདི་ལྟར་བཤད་ཀྱི་ཡོད། དེང་སྐབས་ང་ཚོ་མང་པོ་ཞིག་དད་པ་ཡོད་ཀྱང་སློབ་སྦྱོང་དེ་ཙམ་མེད་པར་དད་པ་ཁོ་ནའི་འགྲིག་གི་ཡོད་པའི་བཟོ་འདྲ་ཞིག་འདུག སྤྱིར་སངས་རྒྱས་པའི་ཆོས་འདི་དད་པ་ཁོ་ན་མིན་པར་བཅོམ་ལྡན་འདས་ཁོ་རང་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ།། ཞེས་བཅོམ་ལྡན་འདས་ཁོ་རང་གི་ཆོས་འདི་ཟབ་ཞིང་རྒྱ་ཆེ་བ་ཆགས་སྟབས། འདི་མིའི་ཧ་ཅང་གོ་ཐུབ་ཀྱི་མ་རེད། རེ་ཞིག་ཆོས་གསུང་རྒྱུའི་ཐུགས་འདོད་མེད།

དེར་བརྟེན་ལས་སླ་པོ་མེད་པའི་རྟགས་རེད། ཅེས་བཀའ་སློབ་སྩལ་རྗེས་གྲྭ་ཆུང་རྣམས་གང་ནས་ཡིན་པ་དང་། དཔེ་ཆ་གང་བློ་འཛིན་བྱེད་ཀྱི་ཡོད་སྐོར་བཀའ་ཕེབས་པར་མངོན་རྟོགས་རྒྱན་ཡིན་སྐོར་སྙན་སེང་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། འགྲིག་འདུག བྱམས་ཆོས་སྡེ་ལྔ་ནང་ནས་མངོན་རྟོགས་རྒྱན་ནི་ཤེར་ཕྱིན་གྱི་མན་ངག་ཅེས་གསུང་ཡོད། ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་གྲྭ་ས་ཚོ་ལའང་དབུ་ཕར་ཧ་ཅང་གལ་ཆེན་པོ་རྩི་ཡི་འདུག དབུ་མས་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་སྐོར་གསུང་གི་ཡོད། ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་གསུངས་འདུག

དེའི་རྗེས། ཟླ་འདིའི་ཚེས་༡༣་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་གི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་ར་བར་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། ཀུ་ལུ་མ་ནཱ་ལི་ས་གནས་སུ་ནང་ཆོས་ལ་དོ་སྣང་ཡོད་མཁན་གང་ཙམ་ཡོད་པ་རེད། དེ་བཞིན་བོད་རིགས་གང་ཙམ་ཡོད་པ་རེད། གཞན་ཡང་གར་ཞ་དང་ཁུ་ནུ་ཁུལ་གྱི་ཡུལ་པ་མང་ཆེ་བ་ནང་པ་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་འཆར་ཅན་འདི་ལྟར་ཟེར་གྱི་ཡོད། སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མིན་སོ་སོའི་ཁམས་དང་མོས་པར་འཚམ་དང་མ་འཆམ་ཐོག་ནས་བསམ་བློ་གཏོང་དགོས་རེད་མ་གཏོགས། ངོས་ཀྱིས་འཛམ་གླིང་འདིའི་སྟེང་ཆོས་དད་མེད་མཁན་ཚོར་ཆོས་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཆོས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་རྩ་བ་ནས་ཟེར་གྱི་མེད། དཔེར་ན། ནད་པ་ཞིག་ལ་སྨན་སྤྲོད་དགོས་བྱུང་ན། སྨན་ཞིག་ཡར་བླངས་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། ནད་པའི་ན་ཚའི་བབ་དང་ལོ་སོགས་མང་པོ་ཞིག་ལ་བལྟས་ནས་ཁྱོད་རང་ལ་སྨན་འདི་ཡག་ཤོས་རེད་ཅེས་ཟེར་གྱི་རེད། དཔེ་དེ་ལྟར་ཆོས་ལུགས་མེད་མཁན་ཚོ་སོ་སོའི་རང་དབང་རེད། དེ་བཞིན་ཆོས་ལུགས་ཡོད་མཁན་ཚོ་ཆོས་གང་འདྲ་བྱེད་མིན་སོ་སོའི་ཁམས་དང་མོས་པར་རན་པ་ཞིག་བྱུང་ན་ཡག་ཤོས་ཆགས་ཀྱི་ཡོད། དེ་ནས་སོ་སོའི་ཁམས་དང་མོས་པར་རན་པ་ཞིག་བྱུང་ན། སེམས་ལ་ཕན་གྱི་རེད། མ་རན་ན་སེམས་ལ་ཕན་གྱི་མ་རེད། དེར་བརྟེན་སོ་སོའི་མོས་པ་དང་འཚམ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད།

དེ་རིང་འདིར་ང་ཚོ་ཆོས་འཆད་ཉན་བྱེད་ཀྱི་ཡོད་པ་རེད། ཀུན་སློང་རྣམ་པར་དག་པ་ཞིག་དགོས་ཀྱི་ཡོད། འཆད་པ་པོ་ངོས་ནས་ཀྱང་བསམ་པ་རྣམ་པར་དག་པའི་ཐོག་ནས་བཤད་རྒྱུ་དང་། དེ་བཞིན་ཉན་པ་པོ་ངོས་ནས་ཀྱང་བསམ་པ་རྣམ་པར་དག་པའི་ཐོག་ནས་ཉན་རྒྱུ་མེད་ན་ཆོས་ཆོས་སུ་འགྲོ་རྒྱུའི་ཚབ་ལ་སྡིག་པའི་རྒྱུར་འགྲོ་ཉེན་ཡོད། དཔེར་ན་བླ་མའི་ངོས་ནས་ཆོས་འཆད་དུས་ང་རྒྱལ་དང་ཕྲག་དོག འགྲན་སེམས། དེ་མིན་དངོས་པོ་དོན་དུ་གཉེར་བའི་ཐོག་ནས་ཆོས་འཆད་པ་ཡིན་ན། བླ་མར་ཆ་བཞག་ནའང་འཆད་རྒྱུ་ཆོས་ཡིན་ནའང་སྡིག་པ་ཡོང་རྒྱུའི་ཉེན་ཁ་ཡོད། ཆོས་ཉན་པ་པོའི་ངོས་ནས་ཀྱང་དཔེར་ན་ངས་༸རྒྱལ་བ་རིན་པོ་ཆེའི་སར་ནས་ཆོས་ཞུས་པ་ཡིན་ཞེས་འབུལ་བ་དོན་དུ་གཉེར་བ་དང་། མིང་དོན་དུ་གཉེར་ནས་ཆོས་འཆད་རྒྱུ་བཟོ་འདྲ་བོ་དེ་འདྲའི་ཀུན་སློང་ཐོག་ནས་ཉན་པ་ཡིན་ནའང་ནོར་འཁྲུལ་རེད། དེར་བརྟེན་ཆོས་འཆད་པ་པོ་ངོས་ནས་ཡིན་ནའང་རེད། ཉན་པ་པོའི་ངོས་ནས་ཡིན་ནའང་རེད། གང་ལྟར་ཆོས་ཆོས་སུ་སོང་བ་ཞིག་དགོས་ཀྱི་ཡོད། འདི་སྐྱབས་འགྲོ་རྣམ་པར་དག་པ་ཞིག་གིས་བརྩིས་ཟིན་པ་བྱུང་ན་ཆོས་ཆོས་སུ་འགྲོ་བ་རེད། འདིའི་ཐོག་ཐེག་ཆེན་གྱི་ཚོས་སུ་འགྲོ་བར་སེམས་བསྐྱེད་ཀྱིས་ཟིན་པ་དགོས།

ང་ཚོས་ནམ་རྒྱུན་སངས་རྒྱས་ཆོས་ཚོགས་མ་བཏོན་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དང་སྐྱབས་སུ་འགྲོ་བའི་དགོས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི་ཞེས་གསུངས་པ་ནང་བཞིན། གང་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དུས་ད་ནས་བཟུང་ཕན་བདེ་འབའ་ཞིག་བསྒྲུབ་བསམ་པ་སྤྱོད་འཇུག་ནང་གསུང་པ་ནང་བཞིན་རེད། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་སྨོན་ལམ་རྒྱག་རྒྱུ་འདི་རེད། དེ་འདྲའི་ཐོག་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕྲལ་དུ་བདེ་བ་དང་། ཕུགས་ལ་ཕན་པ་ཞིག་ཡོང་སླད་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྒྱལ་བའི་ས་ལ་འགྲོ་རྒྱུ་དང་། རང་ཡིན་ནའང་རྣམ་མཁྱེན་རྒྱལ་བའི་ས་ལ་འགྲོ་རྒྱུའི་དབང་དུ་བྱས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གང་ཐུབ་འདོད་དོན་ཡིད་བཞིན་དུ་བསྒྲུབ་པ་ཞིག་བྱེད་ཀྱི་བསམ་པའི་ཀུན་སློང་དང་གསོལ་བ་བཏབ་ནས་སངས་རྒྱས་ཆོས་ཚོགས་མ་ཐེངས་གསུམ་མཉམ་དུ་འདོན་ཤོག་ཨང་།

ཀུ་ལུ་ས་གནས་ནི་བདེ་མཆོག་གི་རྒྱུད་ནང་གནས་ཉི་ཤུ་རྩ་བཞི་ཞེས་གསུང་གི་ཡོད། ཀུ་ལུ་ནི་གནས་ཉི་ཤུ་རྩ་བཞིའི་གྲས་ཤིག་ཡིན་པ་རེད། གང་ལྟར་དཀར་ཕྱོགས་སྐྱོང་བ་དེ་འདྲ་མང་པོ་ཡོད་པ་རེད། ང་ཚོ་ནང་པའི་ཆོས་སྐད་ནང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། གང་ལྟར་སེམས་ཅན་སུ་དང་སུ་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དུད་འགྲོ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཡིན་པ་ང་ཚོ་ཚང་མ་གཅིག་པ་རེད། བྱེ་བྲག་ཏུ་འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་དེ་དག་ལ་ཆ་བཞག་ནའང་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དེའི་ནང་ནས་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། མིར་ཆོས་ཟེར་རྒྱུ་འདི་འབྲེལ་བ་ཡོང་གི་ཡོད། ལྷ་དང་ཀླུ་དྲི་ཟ་ཟེར་རྒྱུ་དེ་དག་གནས་ཚུལ་ཐ་དད་རེད།

སྲོག་ཆགས་གཞན་རྣམས་ལ་མིའི་ཀླད་པ་ནང་བཞིན་མེད་པ་ཡིན་སྟབས། བསམ་བློ་གཏོང་རྒྱུ་དེ་ཙམ་མེད། སྒོ་ལྔའི་ཤེས་པ་ཁོ་ན་མ་གཏོགས་བསམ་བློ་གཏང་རྒྱུ་མེད། མི་ལ་ཡིན་ལུགས་ཞེས་མིའི་ཀླད་པར་གཞན་དང་མི་འདྲ་བ་བསམ་བློ་གཏང་རྒྱུའི་ནུས་པ་ཆེན་པོ་ཡོད་པར་བརྟེན་མིའི་སྤྱི་ཚོགས་ནང་ཆོས་ཟེར་རྒྱུ་འདི་བྱུང་བ་རེད། ད་ཆ་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་དུམ་བུ་གསུམ་ཕལ་ཆེར་བཤད་ཐུབ་ཀྱི་རེད། ཆོས་དད་ཡོད་མཁན་དུམ་བུ་གཅིག་དང་། ཆོས་ལ་སྐྱོན་བརྗོད་བྱེད་མཁན་དུམ་བུ་གཅིག གཞན་ཡང་ཆོས་ལ་དེ་ཙམ་དོ་སྣང་མེད་པར་སྡོད་མཁན་བཅས་དུམ་བུ་གསུམ་འདུག དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་འདྲ་འདྲ་རེད། ཆོས་མེད་མཁན་དང་ཆོས་ལ་དམིགས་བསལ་དོ་སྣང་མེད་མཁན་དེ་ཚོའི་གྲས་ལ་ཡིན་ནའང་། དམིགས་བསལ་དཀའ་ངལ་འཕྲད་ཡོང་བའི་སྐབས་སེམས་ཧ་ཅང་མ་སྐྱིད་པ་བྱེད་རྒྱུ་དང་། ཆོས་ཡོད་མཁན་དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་པ་ཚོར་ཆ་བཞག་ནའང་དཀའ་ངལ་འཕྲད་པའི་སྐབས་དཀོན་མཆོག་མཁྱེན་བསམ་པ་ལྟ་བུ་དང་། ཕྱོགས་མཚུངས་ཁ་ཆེའི་ཆོས་པས་ཚོས་ཀྱང་ཨེལ་ལྷ་(Allah)ཟེར་རྒྱུ་ལྟ་བུ་ཐོག་ནས་བློ་གཏད་ས་ཤིག་ཡོང་གི་ཡོད། སོ་སོར་སྐྱབས་བཅོལ་ས་དང་བློ་གཏད་ས་ཤིག་ཡོད་པ་ཡིན་ན། དཀའ་ངལ་འཕྲད་པའི་སྐབས་ཕན་ཐོགས་ཡོད་པ་ཞིག་དང་། འཛམ་གླིང་འདིའི་སྟེང་ཆོས་སྔ་ཤོས་ནི་རྒྱ་གར་རེད་འདུག འདས་པའི་ལོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་ཆོས་(Dharma)་ཟེར་རྒྱུ་ཞིག་དང་འཚེ་མེད་ཞི་བ་(Ahimsa)ཞེས་བཤད་རྒྱུ་འདུག འཚེ་མེད་ཞི་བ་(Ahimsa) དང་མཉམ་དུ་བྱམས་བརྩེ་(Karuna)་ཟེར་རྒྱུ་འདི་ཡོང་གི་རེད། གང་ལྟར་བྱམས་བརྩེ་དང་འཚེ་བ་མི་བྱེད་པ་ཟེར་རྒྱུ་འདི་རྒྱ་གར་ནང་ལོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་ཡོད་པ་ཞིག་རེད། དེ་དང་འབྲེལ་ནས་བཅོམ་ལྡན་འདས་མ་བྱུང་གོང་ནས་ཞི་གནས་དང་ལྷག་མཐོང་ཉམས་ལེན་དར་བ་ཡོད། འཛམ་གླིང་ཤར་ནུབ་ལྷོ་བྱང་མང་པོ་ཞིག་ཡོད་པའི་ནང་ནས་ནང་གི་བསམ་བློ་ཡར་རྒྱས་གཏང་རྒྱུ་དང་བློ་སྦྱོང་རྒྱུ་ཕལ་ཆེར་རྒྱ་གར་གཅིག་པོ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་ཆ་བཞག་ནའང་དེའི་ཚེ་དེའི་དུས་རྒྱ་གར་དུ་ཡོད་དང་ཡོད་བཞིན་པའི་གཙོ་ཆེ་ཤོས་འཚེ་བ་མེད་པ་དང་བྱམས་བརྩེ། ཞི་གནས་དང་ལྷག་མཐོང་སོགས་ཉམས་བཞེས་གནང་བ་དེ་འདྲ་བྱུང་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།

དེ་ནས། ཟླ་འདིའི་ཚེས་༡༤་ཉིན། མ་ནཱ་ལི་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་སྣུམ་འཁོར་འཇོག་ཡུལ་དུ་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་སྩལ་འདུག དེའི་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུར་གྲགས་པ་རེད། དེ་ཡང་ལོ་རྒྱུས་ཀྱི་བཤད་སྲོལ་ཙམ་མིན་པར་ཁོང་གིས་བརྩམས་པའི་དཔེ་ཆ་དེ་དག་ལྟ་བ་ཡིན་ན། དངོས་འབྲེལ་སྨྲ་བ་ཟླ་མེད་པའི་སྟོན་པ་གཉིས་པ་ལྟ་བུ་ཕལ་ཆེར་ཆགས་ཡོད། དེ་ལྟ་བུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཟེར་རྒྱུ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་གསང་སྔགས་ཆོས་ལའང་ཉམས་བཞེས་གནང་སྟེ་གསང་བ་འདུས་པ་གཙོ་བོ་གནང་བ་རེད། མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བདག་བསྐྱེད་མདོར་བྱས་ཟེར་རྒྱུ་འདི་མཛད་ཡོད།

གསང་བ་འདུས་པའི་སྐུ་གསུམ་ལམ་བྱེད་ཀྱི་བསྐྱེད་རིམ་གྱི་རྣམ་གཞག་འདི་རྩ་རྒྱུད་ཁུངས་སུ་སྦྱར་ནས་མདོ་བསྲེ་ཟེར་རྒྱུ་འདི་གསུང་པ་རེད། དེ་ནས་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་གསལ་མཛད་དེ་གསང་བ་འདུས་པའི་སྐོར་ཀླུ་སྒྲུབ་རང་ཉིད་ཀྱིས་གཞུང་དེ་འདྲ་མཛད། རྫོགས་རིམ་སྐོར་ཆ་བཞག་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔ་སྟེ་རིམ་ལྔ་མཛད་ཡོད། དེའི་དོན་འགྲེལ་ཨརྱ་དེ་བས་སྤྱོད་བསྡུས་མཛད་དེ་གང་ལྟར་རྫོགས་རིམ་ཁུངས་གཏུག་ས་རེད་འདུག གསང་སྔགས་ལ་སྔ་འགྱུར་རྙིང་མའི་ལོ་ཙཱ་བ་རིན་ཆེན་བཟང་པོ་མ་ཕེབས་གོང་གི་དུས་ཚོད་གཅིག་ནི་བསྟན་པ་སྔ་དར་ཟེར་རྒྱུ་འདི་རེད།

དེ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་ཕེབས་པ་ནས་བསྟན་པ་ཕྱི་དར་ཞེས་གང་ལྟར་གསང་སྔགས་རྙིང་མ་དང་གསར་མ་ཞེས་དབྱེ་བ་ཕྱེ་བ་ཡིན་ན། གསང་སྔགས་གསར་མའི་རྒྱུད་སྡེ་གཙོ་བོ་གསང་བ་འདུས་པ་ཆགས་ཡོད། དེ་བཞིན་གསང་སྔགས་རྙིང་མའི་རྒྱུད་སྡེ་མང་པོ་ཞིག་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ན་ལི་ལ་བདུན་ཕྲུག་གཉིས་ཙམ་བཞུགས་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བླངས།