19
Fri, Apr

༢༠༡༩་ལོའི་ཟླ་༨་ཚེས་༩་ཉིན། བོད་ནང་སྐུ་ཚབ་ཐེངས་བཞི་པའི་སྐོར་གྱི་པར་རིས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༩་ཉིན། བཞུགས་སྒར་རྡ་ས་གཙུག་ལག་ཁང་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་པའི་སྐོར་ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་། མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་མཆོག ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས། བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲིས་ཕུན་ཚོགས་ལགས། དེ་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་༥༠་ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་བོད་ནང་སྐུ་ཚབ་ཐེངས་བཞི་ཕེབས་ཡོད་སྐོར་དང་། ཁོ་ཚོ་བོད་ནང་ཕེབས་རྗེས་ཀྱི་པར་རིས་བརྒྱུད་ནས་བོད་ནང་དངོས་ཡོད་གནས་ཚུལ་མང་པོ་ཕྱིར་ཤེས་རྟོགས་བྱུང་ཐུབ་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་བྱས་སོང་།

དེ་ནས། བརྙན་ཐུང་བརྒྱུད་ནས་བོད་ནང་རྟོགས་ཞིབ་ཀྱི་གཟིགས་སྐོར་ཐེངས་གཉིས་པའི་སྐུ་ཚབ་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་ཀྱིས་བོད་ནང་༸གོང་ས་མཆོག་གི་སྐུ་ཚབ་ཕེབས་སྐབས་ཀྱི་དངོས་ཡོད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་སྐོར་ལ་འགྲེལ་བརྗོད་ཞུས་སོང་། དེའི་རྗེས། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོན་ནམ་ནོར་བུ་ལགས་ཀྱིས་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་ཕེབས་ཡོད་པའི་སྐོར་དང་། དེ་དག་ནི་༡༩༧༩། ༡༩༨༠།༡༩༨༢ བཅས་ཡིན་པ་དང་། དེ་ཚོའི་སྐོར་ལ་ལོ་རྒྱུས་མདོ་བསྡུས་ཤིག་འགྲེལ་བརྗོད་གནངས་སོང་།

དེ་ནས། དམིགས་བསལ་སྐུ་མགྲོན་ཆེས་མཐོ་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་མཆོག་ནས་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་དང་པོའི་མྱོང་ཚོར་དང་། བོད་ནང་ཕེབས་སྐབས་ཀྱི་གནས་སྟངས་ཀྱི་སྐོར་གསུང་དོན། སྐུ་ཚབ་ཚོགས་ཆུང་དེ་ལྡི་ལི་བརྒྱུད་ནས་ཧོང་ཀོང་དང་། དེ་ནས་པེ་ཅིང་ལ་ཕྱིན་པ་ཡིན། རྒྱ་གཞུང་གི་སྐུ་ཚབ་ཚོས་བོད་ནང་ཡར་རྒྱས་ཕྱིན་ཡོད་སྐོར་དང་ཁྱེད་ཚོ་བོད་ཀྱི་ས་ཆ་གང་སར་ཕེབས་ན་འགྲིག་གི་རེད་ཅེས་བཤད་སོང་། དེ་ནས་སྐུ་ཚབ་ཚོགས་ཆུང་གིས་ཟླ་གསུམ་རིང་བོད་ནང་སྐོར་སྐྱོད་བྱེད་རྒྱུའི་ཐག་བཅད་པ་ལྟར། བོད་ཆོལ་ཁ་རེར་ཟླ་བ་གཅིག་རིང་ལ་གཟིགས་སྐོར་ཕྱིན་པ་ཡིན། ང་ཚོ་༸གོང་ས་མཆོག་གི་སྐུ་ཚབ་བྱས་ནས་བོད་ནང་དངོས་ཡོད་གནས་ཚུལ་ལྟ་ཞིབ་ཆེད་དུ་ཕྱིན་པ་རེད། དེར་བརྟེན། བོད་མི་མང་གིས་ང་ཚོ་༸གོང་ས་མཆོག་གི་སྐུ་ཚབ་ཡིན་པར་རྟོགས་རྗེས། ཧ་ལས་པའི་དགའ་བསུ་དང་གུས་བརྩི་བྱས་སོང་། དེ་ནས་བོད་མིའི་བདེ་སྡུག་ང་ཚོར་གསུང་རྒྱུ་དང་། ང་ཚོས་ཕྱི་རྒྱལ་གྱི་གནས་ཚུལ་རྣམས་བོད་མི་རྣམས་ལ་འགྲེལ་བརྗོད་བྱས་པ་ཡིན། དེ་ནས་བོད་མི་ཚོས་ང་ཚོར་ལག་པ་གཏོང་གི་ཡོད་མདོག་མདོག་བྱས་ནས་ཡིག་ཆུང་རེ་ང་ཚོའི་ལག་ཏུ་སྤྲད་སོང་། དེ་བཞིན། ང་ཚོ་གསང་སྤྱོད་དུ་འགྲོ་སྐབས་ཀྱང་། ལྐོག་ནས་ཡིག་ཆུང་རེ་སྤྲད་སོང་ཅེས་དང་།

རྒྱ་གཞུང་གི་ངོས་ནས་བོད་ནང་ཡར་རྒྱས་བཏང་ཡོད་སྐོར་དང་། ས་ཁུལ་རེར་མང་ཚོགས་འཚོགས་སྐབས། རྒྱ་ནག་གིས་བོད་ནང་ཡར་རྒྱས་ག་ཚོད་བཏང་ཡོད་མེད་སྐོར་ལ་དྲིལ་བསྒྲགས་བྱས་སོང་། ཡིན་ཡང་། བོད་ནང་གི་དགོན་པ་རྣམས་གཏོར་བཤིག་བཏང་ནས་གྱང་རོར་གྱུར་ཡོད་པ་དང་། སྐུ་གསུང་ཐུགས་སོགས་རྒྱ་ནག་ནང་འོར་འདྲེན་བྱས་པ་དང་གཏོར་བཤིག་བཏང་པ་སོགས་བྱས་འདུག དེ་བཞིན། བོད་ཀྱི་གཏེར་ཁ་བསྔོག་འདོན་དང་། རྡོ་སྣོམ། ཤིང་སྡོང་སོགས་རྒྱ་ནག་ནང་ལའོར་འདྲེན་བྱས་ཡོད་སྐོར་གསུངས་སོང་།

བོད་ནང་གཟིགས་སྐོར་ཚར་རྗེས། བོད་ནང་དངོས་མཐོང་མྱོང་ཚོར་སོགས་ཇི་བྱུང་རྣམས་རྒྱ་གཞུང་དང་། པཎ་ཆེན་རིན་པོ་མཆོག འབའ་པ་ཕུན་ཚོགས་དབང་རྒྱལ་བཅས་ལ་ཞུས་པ་ཡིན། རྒྱ་མིས་བོད་ནང་ཡར་རྒྱས་བཏང་ཡོད་ཟེར་ནས་གདེང་ཚོད་ཞེ་དྲག་བྱས་ཀྱི་འདུག ཁོ་ཚོའི་སེམས་པར་བོད་མི་ཚོས་རྒྱ་གཞུང་ལ་བཀའ་དྲིན་ཚོར་ཀྱི་ཡོད་པ་དང་། བོད་པའི་སྐུ་ཚབ་ཚོ་ལ་དེ་ཙམ་དགའ་བསུ་ཞུ་ཡི་མ་རེད་བསམས་ཡོད་པ་རེད། འོན་ཀྱང་། བོད་མི་ཚོས་སྐུ་ཚབ་ཚོ་ལ་དགའ་བསུ་དང་ངུ་འབོད་བྱེད་སྟངས་དེས། རྒྱ་མི་ཚོ་ཧ་སངས་བཅུག་པ་རེད་ཅེས་བརྗོད་སོང་།

མཐའ་མར། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་པར་རིས་འགྲེམས་སྟོན་འདི་འདྲ་བྱེད་དགོས་དོན་ནི། རྒྱ་གཞུང་གིས་བོད་ནང་གཏོར་བཤིག་ག་ཚོད་བཏང་ཡོད་མེད་ཀྱི་དཔང་རྟགས་རེད། དེ་ནི་བོད་པའི་གཞོན་སྐྱེས་ཚོས་ཤེས་དགོས་པ་དང་། ལོ་རྒྱུས་ཉར་ཚགས་བྱེད་པའི་ཆེད་དུ་རེད་ཅེས་དང་། བོད་ནི་རྒྱ་དམག་གིས་དབང་སྒྱུར་བྱས་རྗེས། ༡༩༦༤ལོའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ལ་ཡིག་འབྲུ་ཁྲི་བདུན་ཅན་གྱི་སྙན་ཞུ་ཕུལ་ཡོད་ཅིང་། དེ་ནི་བོད་ནང་དངོས་ཡོད་གནས་སྟངས་སྐོར་གྱི་དཔང་རྟགས་རེད། དེའི་རྗེས། ༸གོང་ས་མཆོག་གི་སྐུ་ཚབ་ཚོ་བོད་ནང་ཕེབས་ནས་དངོས་ཡོད་གནས་སྟངས་པར་བརྒྱབ་ནས་འགྲེམས་སྤེལ་ཞུས་ཡོད་པ་རྣམས་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཆེན་པོ་ཞིག་རེད། དེར་བརྟེན། བོད་ཀྱི་དངོས་ཡོད་ལོ་རྒྱུས་རྣམས་བོད་ཀྱི་གཞོན་སྐྱེས་ཚོས་ཤེས་དགོས་པར་གལ་ཆེན་པོ་ཡིན་ཞེས་གསུངས་སོང་།