20
Sat, Apr

༢༠༡༩ལོའི་ཟླ་༨་ཚེས་༢་ཉིན། རྒྱ་གར་ལྡི་ལིར་བོད་ཀྱི་ཁོར་ཡུག་ཐོག་ཚོགས་ཆེན་ཐེངས་གཉིས་པ་འཚོགས་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༢་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། འཚེ་མེད་ཞི་བའི་ཐེབས་རྩ་ཁང་གཉིས་ཀྱིས་ཟུང་སྦྲེལ་ཐོག འཛམ་གླིང་གི་སྣེ་གསུམ་པ་བོད་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་གཉིས་པ་དེ་ཚོགས་ཡོད་འདུག

དེ་ཡང་། གོང་ཚེས་ཉིན་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཤཱམ་ས་རན་ (Shyam Saran)ལགས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་བློན་ཆེན་ཟུར་པ་སྐུ་ཞབས་མར་ཊིན་སྦུར་སིཀ (Martin Bursik) ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས། རྒྱལ་ཁབ་ཁག་འདྲ་མིན་བདུན་ནས་ཕེབས་པའི་ཚན་རིག་པ་དང་། མཁས་པ། ཁོར་ཡུག་ཉམས་ཞིབ་པ་སོགས་ཁྱོན་གཏམ་བཤད་གནང་མཁན་མི་གྲངས་ ༡༣ དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཟུར་ཉན་པ་བཅས་མི་གྲངས་༡༠༠་ལྷག་འཛོམས་ཡོད་འདུག

ཚོགས་འདུའི་ཐོག་མར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་མདོར་ཙམ་གནང་རྗེས། སྐུ་ཞབས་ཤཱམ་ས་རན་ལགས་དང་སྐུ་ཞབས་མར་ཊིན་སྦུར་སིཀ་ལགས་རྣམ་གཉིས་ཀྱིས་འཚེ་མེད་ཞི་བའི་ཐེབས་རྩ་ཁང་གིས་པར་སྐྲུན་གནང་བའི་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་བབས་(State of Ecology of the Tibetan Plateau)ཞེས་པའི་དཔེ་དེབ་དབུ་འབྱེད་གནང་འདུག

དེ་རྗེས། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤཱམ་ས་རན་ལགས་ཀྱིས་གསུང་བཤད་གནང་དོན། ཐེངས་འདིའི་ཚོགས་ཆེན་བརྒྱུད་སླར་ཡང་སྐུ་ཞབས་མར་ཊིན་སྦུར་སིཀ་ལགས་དང་། སྐུ་ཞབས་སི་དིག་ཝ་ཧིཌ་(Dr.Siddiq Wahid)ལགས། དེ་བཞིན་གྲོགས་པོ་རྙིང་པ་ཁག་གཅིག་ཐུག་འཕྲད་བྱུང་བར་དགའ་པོ་བྱུང་། ཚོགས་ཆེན་དུ་ཕེབས་པའི་ཁོར་ཡུག་འགྱུར་ལྡོག་གི་གནད་དོན་ཐོག་ལས་དོན་བྱེད་མཁན་རྣམས་ལ་འཚམས་འདྲི་དང་སྦྲགས། བོད་མཐོ་སྒང་གི་ཁོར་ཡུག་ཧ་ཅང་གལ་ཆེན་པོ་ཡིན་སྐོར་མི་མང་པོས་བཤད་བཞིན་ཡོད། བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཐོག་སྟངས་འཛིན་ཡག་པོ་མ་བྱུང་ཚེ་གླིང་ཆེན་ཨེ་ཤེ་ཡའི་རྒྱལ་ཁབ་སྤྱི་དང་། ལྷག་པར་འཛམ་གླིང་གི་ཡུལ་གྲུ་གཞན་ཁག་ཏུ་ཁོར་ཡུག་ཐད་འགྱུར་ལྡོག་དང་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུ་རེད། ང་ཚོས་གོ་ལ་ཚ་དྲོད་ཐད་མར་ལྟ་ཡོང་དུས་ཚ་དྲོད་འཕར་ཚད་ནི་ཉིན་རེ་བཞིན་འཕར་བཞིན་ཡོད་པའི་ཉེན་འཚབ་ཆེན་པོ་ཞིག་ཡིན། གྲང་ངར་ཆེ་བའི་ས་ཁུལ་དུ་ཚ་དྲོད་འཕར་ཚད་དེ་གོ་ལ་སྤྱི་ཡོངས་ཀྱི་ཚ་དྲོད་འཕར་ཚད་ལས་མང་བ་འཕར་བཞིན་ཡོད། ཕྱོགས་མཚུངས་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་གི་ཆུ་སྒོ་བོད་མཐོ་སྒང་གི་འཁྱགས་རོམ་ཞུར་ཚད་ནི་རྒྱལ་ཁབ་གཞན་ལས་མགྱོགས་པ་དང་། བོད་མཐོ་སྒང་གི་ཚ་དྲོད་འཕར་ཚད་དེ་བཞིན་གོ་ལ་སྤྱི་ཡོངས་ཀྱི་ཚ་དྲོད་འཕར་ཚད་ལས་ལྡབ་གསུམ་མང་བ་འཕར་བཞིན་ཡོད། གོ་ལའི་ཚ་དྲོད་རྐྱེན་པས་བོད་མཐོ་སྒང་གི་འཁྱགས་རོམ་ཚད་ལས་མགྱོགས་པ་ཞུར་བཞིན་ཡོད།

བོད་ནི་འཛམ་གླིང་ནང་འཁྱགས་རོམ་དང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡོད་ས་ཡིན་པ་ཙམ་མ་ཟད། ཨེ་ཤི་ཡའི་གཙང་པོ་ཆེ་ཁག་གི་ཆུ་སྒོ་ཡང་བོད་མཐོ་སྒང་ཡིན། འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཁྱགས་རོམ་མང་ཤོས་ཡོད་ས་དེ་བོད་ཡིན་སྟབས། གླིང་ཆེན་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་བོད་མཐོ་སྒང་གི་ཆུ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་མ་ཟད། གོ་ལའི་ཚ་དྲོད་རྐྱེན་པས་ཨེ་ཤེ་ཡ་ཁྱོན་ཡོངས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།

ཉེ་ཆར་ཕྲན་རང་གླིང་ཆེན་ཡོ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིར་ཕྱིན་པ་ཡིན། སྐབས་དེར་གནམ་གཤིས་ཚ་དྲོད་ཆེན་པོ་རྐྱེན་པས་ཉིན་མོར་ཕྱིར་ཐོན་མ་ཐུབ་པའི་དཀའ་ངལ་འཕྲད་བྱུང་། སྤྱིར་ཡོ་རོབ་ཏུ་གནམ་གཤིས་ཚ་དྲོད་ཆེན་པོ་མེད། སྐབས་དེར་ཕྲན་རང་མི་བདེ་བའི་གནས་སྟངས་ཤིག་ཚོར་བྱུང་། ང་ཚོས་གོ་ལའི་ཚ་དྲོད་རྐྱེན་པས་གནམ་གཤིས་འགྱུར་ལྡོག་ཐད་ལས་དོན་བྱེད་རྒྱུ་ཧ་ཅང་ཕྱི་དྲགས་པ་རེད། དེ་རིང་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཚོགས་ཆེན་ཐེངས་གཉིས་པ་འཚོགས་བཞིན་ཡོད། ཚོགས་ཆེན་འདིའི་བརྒྱུད་ནས་མང་ཚོགས་ལ་བོད་མཐོ་སྒང་གི་ཁོར་ཡུག་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གོ་རྟོགས་སྤེལ་ཐུབ། ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ངོས་ནས་གང་ཡང་བྱེད་མི་ཐུབ། འཛམ་གླིང་རྒྱལ་ཁབ་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཛ་དྲག་གི་གནས་སྟངས་ལ་ཐབས་ལམ་འཚོལ་ཐུབ། ད་ཆ་བོད་དང་རྒྱ་ནག་གཞུང་གི་དབར་རྙོག་གླེང་ཇི་འདྲ་ཡོད་རུང་། བཟང་ཕྱོགས་ཀྱི་ཆ་ནས་རྒྱ་མི་མང་པོ་ཞིག་གིས་བོད་མཐོ་སྒང་གི་ཁོར་ཡུག་ཧ་ཅང་གལ་ཆེན་པོ་ཡིན་པའི་མཐོང་ཚུལ་སླེབ་བཞིན་འདུག ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་དེ་བཞིན་བོད་མི་ཙམ་མ་ཟད། འགྲོ་བ་སྤྱིའི་བདེ་སྡུག་ལ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད། ཚོགས་ཆེན་དེས་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་གི་ཆུ་སྒོ་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཐོག་ལ་གླེང་སློང་ངམ་གོ་བསྡུར་ལྷུག་པོ་བྱ་རྒྱུ་ཡིན་པ་དགའ་ཚོར་ཆེན་པོ་བྱུང་། ལྷན་ཚོགས་དེའི་གྲུབ་འབྲས་བཟང་པོ་ཞིག་ཐོན་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། ཅེས་གསུངས་འདུག

སྤྱིར་བོད་ཀྱི་ཁོར་ཡུག་གནས་སྟངས་དང་འབྲེལ་བའི་ལྷན་ཚོགས་སྟེང་། ཨོ་གླིང་དང་། ཨ་རི། ཝེ་ཌི་ནམ། རྒྱ་གར། བོད་བཅས་ནས་ཁྱོན་ཁོར་ཡུག་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་དབང་ཨེ་ཐན(Ethan Goldings) ལགས་དང་། རུ་ཐི(Ruth Gamble)ལགས། ལེ་ཨན(le Anh Tuan)ལགས། སི་ཌི་(Siddiq Wahid)ལགས། མི་ལབ་(Milap Chand Sharma)ལགས། ཇ་ཡ་དེ་ཝ་(Jayadeva Ranade)ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་། བདེ་ཆེན་དབང་མོ་ལགས། དེ་བཞིན་བོད་མི་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༡༣ ནས་གསུང་བཤད་གནང་ཡོད་འདུག

ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་པ་ཚོས་མྱོང་ཚོར་བརྗོད་པ་ལྟར་ན། ཚོགས་འདུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད་དང་། ཡག་པོ་བྱུང་སོང་། བརྗོད་གཞི་མང་པོ་ཞིག་གི་ཐོག་ལ་གླེང་མོལ་བྱས་སོང་། བོད་ཀྱི་ཁོར་ཡུག་ཐོག་གོ་རྟོགས་ལེགས་པོ་སྤེལ་ཐུབ་སོང་བཅས་བརྗོད་འདུག