16
Tue, Apr

༢༠༡༩ལོའི་ཟླ་༧་ཚེས་༦་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགུང་གྲངས་གྱ་བཞིར་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་ལ་བཀའ་ཤག་གི་གསུང་བཤད་གནང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༦་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགུང་གྲངས་གྱ་བཞིར་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་ལ་བཀའ་ཤག་གི་གསུང་བཤད་གནང་།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུ་གྱ་བཞི་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་ཁྱད་པར་ཅན་འདིའི་ཐོག མགོན་པོ་མཆོག་ལ་སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་མིའི་རྣམ་པར་བྱོན་པ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི་སྐྱེ་འགྲོ་སྤྱི་དང་། ༸རྒྱལ་བའི་ལུང་གིས་ཟིན་པའི་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་བོད་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ་བར་མ་ཆད་པར་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་རྣམ་པར་བཞད་པ་དང། ཁྱད་པར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ཤིང་ཕག་ཟླ་བ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། མདོ་སྨད་སྐུ་འབུམ་གྱི་ཉེ་འདབས་སྟག་འཚེར་དུ་རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང༌རྒྱལ་ཡུམ་བདེ་སྐྱིད་ཚེ་རིང༌གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ༸རྒྱལ་དབང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་ཏེ་མི་རིང་བར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས་པ་དང། ལྕགས་འབྲུག་ཕྱི་ལོ་ ༡༩༤༠ ལོར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་དང་གཞུང་ཆེན་ལ་གསན་བསམ་དབུ་འཛུགས་མཛད་རྗེས་གདན་ས་སེ་འབྲས་དགའ་གསུམ་ལ་གྲྭ་བསྐོར་མཛད། དགུང་ལོ་ཉེར་བཞིའི་ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་པ་སྐར་ཚོགས་ལྟར་འཛོམས་པའི་མདུན་སར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་གནང་མཛད། དེ་བཞིན་སྐུ་ན་གཞོན་དུས་ནས་འཛམ་གླིང་གི་གནས་ཚུལ་སྤྱི་དང༌། བྱེ་བྲག་དེང་རབས་ཚན་རྩལ་རིག་གནས་སོགས་ལ་ཐུགས་སྣང་ཆེན་པོ་མཛད།

རྒྱ་དམར་གྱིས་བོད་ཤར་ཕྱོགས་ཁུལ་ཕལ་ཆེ་བ་བཙན་བཟུང་གིས་བོད་ཡོངས་རྫོགས་རྒྱའི་བཙན་དབང་འོག་ཚུད་ཉེའི་ཛ་དྲག་གི་གནས་སུ་གྱར་བའི་སྐབས། གངས་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགུང་ལོ་བཅུ་དྲུག་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རྗེས། བོད་ནང་གི་གང་ཅིའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ལེགས་བཅོས་ལས་ཁུངས་དང་གྱོད་ཞིབ་ལས་ཁུངས་འཛུགས་རྒྱུས་མཚོན་གཞི་རྩའི་བཅོས་བསྒྱུར་ཁག་གནང་འགོ་བཙུགས་ཡོད། དེ་དང་ཆབས་ཅིག་རྒྱ་དམར་གྱི་བཙན་དབང་འོག་ནས་གྲོལ་ཆེད་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཞུ་སྐུལ་གྱིས་ཐབས་ཤེས་ཡོད་རྒུ་མཛད། གཞན་ཡང་ཕྱི་ལོ་ ༡༩༥༡ ལོར་བཙན་དབང་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ཐུགས་མོས་མེད་ཀྱང་བོད་མི་མང་ལ་དཀའ་སྡུག་མི་འབྱུང་ཆེད་གྲོས་མཐུན་གྱི་འབྲུ་དོན་ཁག་དང་། ལྷག་པར་ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་དུ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་དང༌སྲིད་བློན་ཀྲོའུ་ཨན་ལེ་སོགས་དང་མཇལ་མོལ་གནང་བའི་ཁས་ལེན་ཁག་བཅས་གཞིར་བཞག་ཁྱོན་ལོ་ངོ་དགུ་ཙམ་རིང་རྒྱ་ནག་གཞུང་དང་ཞི་བའི་ལམ་ནས་འགྲིག་ཐབས་གང་ཡོད་གནང་ཡང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་དབང་དང་དྲག་གནོན་ཇེ་ཆེར་བཏང་བ་མ་ཟད། ༸གོང་ས་མཆོག་གང་ཉིད་ཀྱི་སྐུ་ཕྱྭ་ལ་ཡང་བདོ་བའི་ངན་བྱུས་བཤམས་པ་བཅས་ལ་བརྟེན། མཐར་ཕྱི་ལོ་ ༡༩༥༩ ལོར་རང་ཡུལ་དང་ཞལ་གྱེས་ཏེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་ནང་བཙན་བྱོལ་ལ་ཕེབས་གནང་མཛད།

བཙན་བྱོལ་དུ་ཕེབས་རྗེས་བོད་མི་རིགས་གསོན་གནས་དང་རང་དབང་སླར་གསོའི་ཆེད་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་མིའི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྤེལ་དང་། བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་བསྐོ་འདེམས་བྱེད་པའི་སྲོལ་གཏོད་མཛད་པའི་སྒོ་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ཕྱོགས་སུ་འཁྲིད་གནང་དང་དུས་བསྟུན་ལེགས་བཅོས་ཇི་དགོས་མཛད་པ་སོགས་འཛམ་གླིང་ཕྱོགས་གང་ས་ནས་བསྔགས་འོས་སུ་གྱུར་ཡོད། བོད་ལ་དུས་འགྱུར་དབང་གིས་བོད་གཞིས་བྱེས་གཉིས་སུ་གནས་དགོས་བྱུང་ཡང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་དབར་ཐུགས་མཐུན་དམ་གཙང་བསྐྲུན་ཐུབ་པ་བཅས་བོད་མི་རིགས་ལ་བཀའ་དྲིན་ལྷག་པར་ཆེ་བའི་རྨད་བྱུང་གི་མཛད་བཟང་ནི་༸རྒྱལ་དབང་སྐུ་ཕྲེང་གོང་མ་རྣམས་ཀྱི་མཛད་པ་ཡོངས་རྫོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཆགས་ཡོད།

དེ་བཞིན་བོད་ཀྱི་བདེན་དོན་ལ་འཛམ་གླིང་ནང་རྒྱབ་སྐྱོར་ཚད་མཐོ་བསྐྲུན་གནང་དང་། བོད་དོན་བདེན་མཐའ་གསལ་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་ལོ་རྒྱུས་གནས་བབ་ཐོག་ཐོབ་ཐང་ཡོད་པའི་བོད་རང་བཙན་མ་རྩོད་པར་བོད་རྒྱ་མི་རིགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་གནང་མཛད་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཆེད་གང་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་གྲོས་མོལ་གནང་རྒྱུ་དང་། ལྷག་པར་འཛམ་གླིང་ནང་རྩོད་རྙོག་དང་གནད་དོན་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཡང་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་དགོས་པའི་མཛད་བྱུས་དང་ལམ་སྟོན་ནི་མིག་དཔེར་འོས་པ་ཞིག་དང་ཀུན་གྱིས་བསྔགས་བརྗོད་ཞུ་ཡུལ་ཞིག་ཀྱང་ཆགས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དང་བོད་མིའི་བདེན་དོན་ཙམ་མ་ཡིན་པར་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཕྱིར་བྱམས་བརྩེ་དང་གཞན་ཕན་སོགས་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་ཆེད། ཀུན་སྤྱོད་བཟང་པོ་དེ་དག་གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇུག་དགོས་པའི་བཀའ་སློབ་ལམ་སྟོན་ཇི་གནང་བཞིན། འབྲེལ་ཡོད་ཁག་ནས་གོ་བསྡུར་སྦྱང་བཤད་དང་ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ལམ་སྟོན་ཞུ་འོས་ཞུས་ཏེ་བསླབ་གཞི་ཆེད་བསྒྲིགས་ཀྱིས་གཏན་འབེབས་གནང་ཡོད་པར་ཕྱོགས་ཀུན་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཚད་མཐོ་འཐོབ་བཞིན་ཡོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་གྱི་བསླབ་གཞི་དེ་དག་ཡུལ་ལུང་སོ་སོའི་གནས་བབ་ལ་གཞིགས་ནས་ཐ་སྙད་མི་འདྲ་བ་སྤྱོད་བཞིན་ཡོད་ནའང། རྒྱ་གར་དང། དེ་བཞིན་རྒྱལ་སྤྱིའི་ནང་རྒྱལ་ཁབ་ ༣༧ ནང་གི་སློབ་གཉེར་ཁང་ཁག་མང་པོས་བསླབ་གཞི་དེ་དག་གཞི་རིམ་དང་མཐོ་རིམ་སློབ་གྲྭའི་ནང་དངོས་སུ་ལག་བསྟར་ཡང་བྱེད་འགོ་ཚུགས་པའི་གནས་སྟངས་ལ་ལེགས་གསོལ་དང་ཡི་རངས་ཚད་མེད་ཞུ་རྒྱུ་ལས་མ་འདས།

དེ་བཞིན་འདས་པའི་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་གྲགས་ཅན་མང་པོ་དང་ལྷན་དུ་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་གཙོ་བཟུང་ཐོག་བཀའ་བསྡུར་དང་བགྲོ་གླེང་རིམ་པ་གནང་འབྲས་སུ། ནང་པའི་ཆོས་དང་། ལྷག་པར་ནང་པའི་ཚན་རིག ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཚན་རིག་གི་ལམ་ནས་སེམས་དང་སྲོག་གི་དཔྱད་ཞིབ་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པ་ཚན་རིག་པ་མང་པོར་ངེས་ཤེས་རྙེད་ཐུབ་པ་བྱུང་ཡོད། ལྷག་པར་ནང་དོན་རིག་པའི་ངོས་ནས་ཚན་རིག་ལ་ཞབས་འདེགས་བསྐྲུན་རྒྱུའི་ནུས་པ་ཡོད་པ་མཐོང་ནས་དེང་སང་ཚན་རིག་པ་མང་པོས་ནང་པའི་ལྟ་གྲུབ་ལ་དམིགས་བསལ་དོ་སྣང་དང་བགྲོ་གླེང་བྱེད་རྒྱུའི་འདུན་པ་ཤུགས་ཆེ་བྱེད་བཞིན་པ་དེ་དག་༸མགོན་པོ་མཆོག་ནས་དགོངས་ཡངས་དཀྱེལ་ཆེའི་ཐོག་ནས་ཚན་རིག་པ་དང་གྲོགས་འབྲེལ་གནང་བའི་འབྲས་བུ་ཞིག་ཡིན།

དེར་བརྟེན་བོད་པས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་གཅེས་ཉར་བྱས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ནང་གསེས་ནཱ་ལེནྡྲའི་མཁས་པའི་རིག་པའི་གཞུང་ལུགས་དེ་དག་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མིའི་རྣམ་དཔྱོད་གོང་འཕེལ་གཏོང་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་སོགས་ལ་ཆེས་མཁོ་བ་ཞིག་ཡིན་སྟབས་འགྲོ་བ་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་པའི་སྐུལ་མ་ཡང་ཡང་གནང་བཞིན་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་སླར་གསོ་ཡོང་རྒྱུར་ཕྱོགས་གང་ས་ནས་ཐུགས་བརྩོན་ཡང་ཧ་ཅང་ཆེན་པོ་གནང་བཞིན་ཡོད་པ་བཅས་སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་མཛད་བཞེས་གནང་བ་ལྟར་མཛད་འཕྲིན་ཧ་ཅང་རྒྱ་ཆེ་སྐྱོང་བཞིན་པར་སྐྱེ་བོ་ཀུན་གྱིས་ཆེས་དགའ་གུས་དང་བསྔགས་བརྗོད་ཞུ་བཞིན་ཡོད།

དེ་བཞིན་འཛམ་གླིང་འདིའི་ནང་འགྲོ་བ་མི་སོ་སོའི་ཁམས་དང་མོས་པར་འཚམས་པའི་ཆོས་ལུགས་དང་ལྟ་གྲུབ་མང་དག་ཅིག་ཡོད་པ་ཚང་མས་བྱམས་པ་དང༌། སྙིང་རྗེ། བཟོད་པ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པ་དང་། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པ་གཅིག་མཚུངས་ཡོད་པ་བཞིན་དེ་ལྟར་ཡོང་བར་ཐུགས་བརྩོན་དང་། ལྷག་པར་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དག་སྣང་ཡོང་སླད་འཛམ་གླིང་ནང་གི་ཆོས་ལུགས་ཁག་གི་དབུ་འཁྲིད་མང་པོ་དང་མཇལ་མོལ་དང་ཚོགས་འདུ་སོགས་གནང་དང་གནང་བཞིན་པའི་མཛད་འཕྲིན་གྱི་གྲུབ་འབྲས་རླབས་པོ་ཆེར་ཀུན་གྱིས་བསྔགས་བརྗོད་ཞུ་བཞིན་ཡོད། ཟླ་བ་སྔོན་མའི་ནང་ལ་དྭགས་ཁ་ཆེའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དམིགས་བསལ་ཚོགས་འདུའི་ཚོགས་མགོན་དུ་ཞབས་སོར་འཁོད་དེ་རྒྱ་གར་ནང་གི་ཆོས་ལུགས་སྤྱི་དང་། ལྷག་པར་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་ཇི་ཡོད་ལ་དཔེ་བླངས་ནས་འཛམ་གླིང་ནང་ཆོས་ལུགས་སྤྱི་དང་ལྷག་དོན་ཁ་ཆེའི་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་དག་སྣང་ཡོང་རྒྱུ་གལ་ཆེ་ཡིན་པ། དེ་ཡང་འཛམ་གླིང་གི་ནང་འགྲོ་བ་མི་དུང་ཕྱུར་ ༧༠ ཡོད་པ་རྣམས་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་པའི་ཐོག་ནས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དགོས་པའི་བཀའ་སློབ་ལམ་སྟོན་སོགས་ཕེབས་ཡོད།

༸གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་སོགས་གྲངས་ ༡༥༠ ལྷག་དགྱེས་འབུལ་ཞུས་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་བསྐལ་པ་སྟོང་གི་བར་དུའང་གཞལ་མི་ཐུབ་པ་ཞིག་ཡིན། བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་དོན་གྱི་རྩ་བ་ཡང་ཡིན། ང་ཚོ་ཚང་མས་དགའ་གུས་བྱེད་དགོས་པར་ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བོད་གཞུང་མང་ལྷ་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་ལུང་དང་སྨོན་ལམ་གྱིས་ཟིན་པ་ལྟར་མགོན་པོ་མཆོག་དགུང་གྲངས་ ༡༡༠ ལྷག་འཚོ་གཞེས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་ནི་སྐྱེ་འགྲོ་སྤྱི་དང་ཁྱད་པར་བདག་ཅག་སྐྱབས་འོག་པ་རྣམས་ཀྱི་བསོད་སྐལ་ཡང་ཡིན། འདི་ལོ་ནི་མགོན་པོ་མཆོག་གི་སྐུའི་དགུང་ཀེག་འཁེལ་གྱི་ཡོད་སྟབས་༸སྐུའི་གསང་བ་གསུམ་ལ་གེགས་ཕྲ་མོ་ཙམ་ཡང་མི་བཞེས་ཆེད་བོད་མི་ཡོངས་ནས་སྤྱི་མཐུན་གྱི་བསོད་ནམས་གསོག་བསྐྱེད་སླད་རྣམ་དཀར་དགེ་བའི་ལས་ལ་འབད་འབུངས་དང། བླ་སློབ་དབར་གྱི་དམ་ཚིག་བསྲུང་རྒྱུ། ལྷག་དོན་༸མགོན་པོ་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་དགོས་པ་བཅས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ལྷག་པར་འཛམ་གླིང་སྤྱི་ལ་སྨན་པའི་ཁོང་གི་དགོངས་གཞི་དག་དོན་འབྲས་སོན་ཕྱིར་རྒྱབ་སྐྱོར་དང་ལག་བསྟར་དོན་འཁྱོལ་ཡོང་བར་ཕྱོགས་གང་ས་ནས་མཐུན་འགྱུར་སོགས་གནང་མཁན་ཡོངས་དང། དེ་བཞིན་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བོད་མི་མང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་བདག་ཅག་གངས་ཅན་པ་རྣམས་ཀྱི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་། ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ལ།། །