19
Fri, Apr

༢༠༡༩ལོའི་ཟླ་༧་ཚེས་༦་ཉིན་ལ་རྡ་སར་༧སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧ཚེས་༦ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཀི་ཤན་ཀ་པུར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཙོ། ཚོགས་གཞོན། ཆེས་མཐོ་ཁྲིམས་ཞིབ་པ་ཆེ་བ། གཞུང་ཞབས་ཟུར་པ་བཅས་གཙོ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་དགུང་གྲངས་གྱ་བཞིར་ཕེབས་པའི་༧སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཞོགས་པར་ཆུ་ཚོད་༡༠ ཐོག་༧སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དངོས་སུ་འགོ་བཙུགས་སོང་བ་དང་། མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་བྱས་པ་དང་ཆབས་ཅིག ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་བླངས་སོང་།

དེའི་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བ་དང་། དེ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། ཁྲིམས་ཞིབ་པ་གཞན་གཉིས། ཡབ་གཞིས་སྐུ་འཁོར་རྣམ་པ། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་དང་། སྲིད་སྐྱོང་མཆོག ཚོགས་གཙོ། ཁྲིམས་ཞིབ་པ་ཆེ་བ་བཅས་ནས་༧སྐུའི་འཁྲུངས་སྐར་གྱི་སྤྲི་སྒོར་གཏུབས་རྗེས། རྡ་སའི་གཡས་གཡོན་དུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་བོད་ཀྱི་ཟློར་གར་ཚོགས་པ་བཅས་ཀྱིས་གཞས་སྣ་འཁྲབ་སྟོན་བྱས་སོང་།

དེ་ནས་སྲིད་སྐྱོང་མཆོག་གིས་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་དང་པོའི་གྲུབ་འབྲས་མཐར་སོན་གྱི་ཕྱག་འཁྱེར་གནང་བ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་གཉིས་སུ་འདི་ལོར་ཆེད་རྩོམ་དང་ངག་རྒྱུགས་གཉིས་ཀར་ཚད་སོན་བྱུང་སྟེ་རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་གནང་།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་བསྒྲུབས་ཏེ་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་ ༨ ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཞིང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་རྟགས་ཐོབ་མཁན་གཉིས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཟེངས་རྟགས་ཕྱག་འཁྱེར་གནང་སོང་།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུམ་དུས་བཀའ་སློབ་ཕྱོགས་སྒྲིག་གི་དཔེ་དེབ་ཅིག་ཀྱང་དབུ་འབྱེད་གནང་སོང་།

མཐའ་མར། བོད་ཀྱི་ཟློས་གར་ཚོགས་པ་ནས་མདོ་ཁམས་ཁྱུང་པོ་སྟེང་ཆེན་གྱི་རས་པ་འཁྲབ་ནས་མཛད་སྒོ་གཟབ་རྒྱས་ངང་གྲོལ་སོང་།