13
Wed, Nov

༢༠༡༩ལོའི་ཟླ་༧་ཚེས་༥་ཉིན། གཞུང་ཞབས་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༧་ཚེས་༥་ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཡོངས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་༸གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༸གོང་ས་མཆོག་གིས་བསྟན་པ་དང་འགྲོ་བའི་ཆེད་དུ་དགུང་ལོ་བརྒྱ་ཡས་མས་ཞིག་ལ་བཞུགས་རྒྱུ་ཡིན་སྐོར་གསུངས་སོང་།

དེ་ཡང་། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་ཞབས་བགྲེས་ཡོལ་བ་རྣམ་པ་དང་། ལས་ཟུར་བ་རྣམ་པ་བཅས་ཁྱོན་མི་གྲངས་ ༢༦༠ ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། རྡ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་རྣམ་པ། དེ་བཞིན་རྒྱ་གར་བ་དང་ཕྱི་རྒྱལ་བ་བཅས་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་ཞིག་འཛོམས་འདུག

ཐོག་མར། ༸གོང་ས་མཆོག་གིས་གསུང་དོན། དེ་རིང་འདིར་གཞུང་ཞབས་ཟུར་པ་ཐུན་མོང་ནས་བརྟན་ཞུགས་འབུལ་གྱི་ཡོད་རེད། ཁྱོད་རང་ཚོ་དངོས་གནས་དད་པ་དམ་ཚིག་གཡོ་བ་མེད་པ་རེད། ཁྱོད་རང་ཚོ་ངོས་ལ་ཚེ་རིང་པོ་དང་ཡུན་རིང་སྡོད་རྒྱུར་སྨོན་ལམ་རྒྱག་བསྡད་ཡོད་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ང་ཚོའི་མི་ཚེ་ནི་ཕྱོགས་གཅིག་ནས་བསམ་བློ་བཏང་ན་བཙན་བྱོལ་བ་ཆགས་པ་རེད། ཕྱོགས་གཅིག་ནས་ང་ཚོ་རང་དབང་ལུང་པ་སླེབས་ནས་ལམ་དང་ལུགས་སྲོལ་གུ་དོགས་པོ་ཁྱོན་ནས་ཡོད་མ་རེད། ངོས་རང་ལ་ཆ་བཞག་པ་ཡིན་ནའང་། རང་དབང་ཐོབ་པ་འདྲ་རེད། གཞན་དགུན་ཁར་རྩེ་ཕོ་བྲང་ལ་སྡོད་ཀྱི་ཡོད་རེད། དབྱར་ཁར་ནོར་བུ་གླིང་ཁར་སྡོད་ཀྱི་ཡོད་རེད། དེ་ནས་བཞད་མོ་དང་མཉམ་དུ་གསུང་དོན། ཏཱ་ལའི་བླ་མ་གསེར་གྱི་ལྷུང་བཟེད་ནང་ལ་བཞུགས་ཡོད་རེད་ཅེས། ཁ་ཤིག་གིས་བཤད་སྲོལ་དེ་འདྲ་ཞིག་ཡོད་རེད། དེའི་སྐབས་སུ་དཔེ་ཆ་ལྟ་རྒྱུར་ཡག་པོ་བྱུང་པ་རེད་། གཙོ་བོ་དགེ་ལགས་རྣམ་པ་ཚོའི་བཀའ་དྲིན་རེད། གཞན་དེ་འདྲ་བྱས་ནས་བསྡད་པ་རེད་ཅེས་དང་།

དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་སོ་སོའི་ལུང་པ་དང་ཁ་བྲལ་བ་རེད། ཕྱོགས་གཅིག་ནས་ང་ཚོའི་མི་རབས་འདིས་བོད་བསྟན་སྲིད་ཆེད་དུ་ཚང་མས་དཀའ་ལས་བརྒྱབ་ཡོད་རེད། ངོས་ཀྱི་འགོ་ཁྲིད་ནས་དེ་རིང་འདིར་ཡོད་པའི་ཁྱོད་རང་ཚོས་ཧུར་ཐག་བྱས་པ་རེད། ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ ༦༠ ལྷག་ཙམ་ཕྱིན་རྗེས་ད་ལྟ་འཛམ་གླིང་འདིའི་སྟེང་སོ་སོའི་ལུང་པར་རང་དབང་བྲལ་ཡོད་ནའང་ང་ཚོ་འདིར་རྒྱ་གར་ནང་འཕགས་བོད་ཀྱི་འབྲེལ་བ་ཐུན་མོང་མིན་པ་ཞིག་སྔ་མོ་ནས་ཡོད། གང་ལྟར་ང་ཚོ་ཐོག་མར་བཙན་བྱོལ་དུ་སླེབས་པའི་སྐབས་ཆབ་སྲིད་ཐོག་ནས་བཙན་བྱོལ་བ་ཆགས་པ་རེད། ངོས་རང་ཆུང་དུས་སྐབས་ནས་སློབ་གཉེར་བྱེད་རྒྱུའི་གཞུང་དེ་དག་ཚང་མ་རྒྱ་གར་ནས་ཡོང་བ་རེད། ངོས་ཀྱིས་ཡོངས་གྲགས་བརྗོད་བཞིན་པའི་པཎ་གྲུབ་བཅུ་བདུན་གཙོ་བོར་གྱུར་པའི་ནཱ་ལེནྡྲའི་མཁས་པའི་དབང་པོའི་གཞུང་ང་ཚོས་སློབ་སྦྱོང་བྱས་ནས་འཕགས་བོད་གཉིས་ཞེས་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཆགས་ཡོད། དེ་ལྟར་ང་ཚོ་བཙན་བྱོལ་དུ་སླེབས་པ་རེད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད།

སྔོན་མར། བོད་ཀྱི་ཆོས་ནི་བླ་མའི་ཆོས་རེད་ཅེས་བཤད་བཞིན་ཡོད་རེད། སངས་རྒྱས་ཆོས་རང་དངོས་ཡིན་མིན་ཐེ་ཚོམ་སྐྱེས་བསྡད་ཡོད་རེད། མུ་སྟེགས་པའི་ཆོས་དང་གསང་སྔགས་དེ་འདྲ་འདྲེས་བསྡད་པ་མཐོང་བསྡད་ཡོད་རེད། དེ་ནས་རིམ་བཞིན་བོད་ཀྱི་ཆོས་བརྒྱུད་དེ་སངས་རྒྱས་བའི་ཆོས་ཁུངས་ལ་ཐུག་བསྡད་པ་ཞིག་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་མཁས་དབང་མང་པོ་ཞིག་གིས་མཐོང་གི་ཡོད། དེ་འདྲ་ཡིན་དུས། ང་ཚོ་བཙན་བྱོལ་བ་ཆགས་ནས་ཐབས་སྐྱོ་རེད་དེ། ཕྱོགས་གཅིག་ནས་ང་ཚོར་གོ་སྐབས་ཡག་པོ་ཞིག་བྱུང་ཡོད། བོད་མི་རང་ཉིད་ལ་ཆ་བཞག་པ་ཡིན་ན། བོད་མིའི་རྣམ་དཔྱོད་དང་སྙིང་སྟོབས་དེ་མི་འདྲ་བ་རེད་འདུག ང་ཚོའི་བོད་ཡིག་ནང་ལ། སྔོན་མར་ལེགས་སྦྱར་གྱི་གཞུང་ནང་དུ་ཡོད་བསྡད་པའི་ཚད་མའི་རྣམ་གཞག་དེ་ཚོ་ཆ་ཚང་བ་ཞིག་བོད་སྐད་ནང་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་རེད། སྐད་ཡིག་གཞན་དག་ནང་ཡོད་མ་རེད། ལེགས་སྦྱར་སྐད་ཤེས་མཁན་ནི་ད་ལྟར་མཁས་དབང་ཁ་ཤས་ཤིག་མ་གཏོགས་ཡོད་མ་རེད། དེ་འདྲ་ཡོད་དུས། ང་ཚོ་བཙན་བྱོལ་ལ་སླེབས་ནས་རྒྱ་གར་མཁས་པའི་གཞུང་དེ་ཚོ་ཡར་བསྐྱར་གསོ་བྱེད་ཐུབ་པའི་དུས་ཚོད་ཞིག་ལ་སླེབས་བསྡད་ཡོད་རེད། འཛམ་བུ་གླིང་གི་ཤེས་ལྡན་གཟུར་གནས་མང་པོ་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས། རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་ཚུལ་ལ་མཐུན་པ། རྨོངས་དད་བྱས་ནས་མིན་པ་བཅས་མཐོང་བསྡད་ཡོད་རེད།

ང་ཚོ་བོད་ལ་ཡོད་པའི་ཆོས་ནི་བོད་གཅིག་པོ་མིན་པ། ནང་པའི་ཡུལ་གྲུ་ཁག་དང་། གཞན་དེ་སྔོན་ནང་པའི་ཆོས་ལ་དོ་སྣང་མེད་མཁན་ཚོས་དོ་སྣང་གསར་བ་སླེབས་པ་ཞིག་ཆགས་བསྡད་འདུག བྱས་ཙང་། ང་ཚོའི་མི་ཐོགས་འདི་དངོས་གནས་བྱས་རྗེས་བཞག་ཡོད་རེད། ང་ཚོ་དུས་རབས་དཀའ་ངལ་ཅན་ཞིག་གི་སྐབས་སུ། བོད་མི་རིགས་རིག་གཞུང་དང་བཅས་པར་ཤུལ་མེད་འགྲོ་བའི་མཚམས་དེར། ང་ཚོ་མི་རབས་འདིར་སྐྱེས་པ་རེད། དེ་རིང་བོད་པའི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་སྒང་ལ་མངོན་གྱི་ཡོད་པ་འདི་ང་ཚོའི་གཟི་བརྗིད་རེད།

ང་ཚོ་ཚང་མ་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། ངོས་ཀྱང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཡིན་བསམས་བསྡད་ཡོད། ངོས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་དང་། ཁྱོད་རང་ཚོས་ཀྱང་ལོ་བཅུ་ཕྲག་མང་པོ་བོད་བསྟན་པའི་ཆེད་དུ་དཀའ་ངལ་བརྒྱབ་པ་རེད། དེ་འདྲ་ཡིན་དུས། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་བ་ཡིན་པར་བརྒྱ་ཆ་བརྒྱ་ཐག་ཆོད་པ་རེད། ཤེས་སོང་ངམ།

ང་རང་ཚོ་ཤེས་པ་ཕྲ་རགས་ལ་བརྟེན་ནས་ཤེས་པའི་ཉེར་ལེན་གྱི་རྒྱུ་དགོས་རེད། སྐྱེས་བ་སྔ་ཕྱི་ལུང་ནས་གསུངས་པ་རེད་ཅེས་བཤད་པ་ཁོ་ན་མིན་པར། རིགས་པས་དེ་འདྲ་སྒྲུབ་ཡོད་དུས་དངོས་པོ་གང་དང་གང་ཡོད་རུང་། རིགས་འདྲ་ཉེར་ལེན་གྱི་རྒྱུ་མེད་ན་དངོས་པོ་ཆགས་མི་ཐུབ་པ་རིགས་པས་སྒྲུབ་ཐུབ་ཞིག་འདུག དེ་འདྲ་སོང་ཙང་། ང་ཚོ་ད་ལྟའི་ཤེས་པ་ཕྲ་རགས་ཀྱི་རྒྱུ་དེ་མའི་མངལ་ནས་ཡོད་དུས་རེད་མ་གཏོགས། རྒྱུ་མེད་རྐྱེན་མེད་ཡོང་བསྡད་པ་ཞིག་མིན་པ་རིགས་པས་སྒྲུབ་ཐུབ་ཀྱི་འདུག དེ་འདྲ་བྱས་ནས་ང་ཚོའི་སྐྱེས་བ་སྔ་ཕྱི་བཤད་ཀྱི་ཡོད་རེད། སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་རེད། ཁོང་ལ་གསོལ་བ་འདེབས་མཁན་དེ་སེམས་པ་བཟང་པོ་བྱོས། དེ་ནས་ག་ལེར་ཐུབ་ན་སྟོང་ཉིད་ལྟ་བ་སོགས་ལ་བསམ་བློ་ཡག་པོ་ཞིག་བྱེད་ཐུབ་ན། རིམ་པ་བཞིན་ཟབ་པ་དང་རྒྱ་ཆེའི་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་མཐར་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ་ཀྱི་རེད།

ང་ཚོ་དུས་ཚོད་ཁག་པོ་ཞིག་གིས་སྐབས་སུ། བོད་བསྟན་སྲིད་ཆེད་དུ་དཀའ་ལས་བརྒྱབ་པ་རེད། དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཡོད་པར་མ་ཟད། འཛམ་གླིང་ཞི་བདེ་ཡོང་བར་ཡང་ཕན་ཐོགས་བྱུང་ཡོད། ཞི་བདེ་ནི་ཕྱི་ནས་མིན་པར། ཞི་བདེ་ནི་སེམས་ནང་ནས་ཡོང་དགོས་རེད། ད་ལྟར་འཛམ་གླིང་འདི་ནི་ཆགས་སྡང་གི་གཞན་དབང་ལ་ཕྱིན་ནས་ཡོད། མི་སུ་ཡིན་རུང་བདེ་སྐྱིད་འདོད་མཁན་མ་གཏོགས་སྡུལ་བསྔལ་འདོད་མཁན་གཅིག་ཀྱང་ཡོད་མ་རེད། གང་ལྟར་ཆགས་སྡང་གི་དབང་གིས་མིའི་སྡུག་བསྔལ་མང་པོ་ཞིག་མི་རང་གིས་བཟོས་ནས་ཡོང་བསྡད་ཡོད། ཆགས་སྡང་གི་རླུང་འཚུབ་འཁོར་བསྡད་པའི་འཛམ་གླིང་འདིར། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཁྱབ་ཀྱི་ཡོད་པ་དང་། བྱམས་བརྩེའི་བློ་དེ་ག་ལེར་ཡར་ཆེ་རུ་ཕྱིན་ཡོད། ཚེ་འདིར་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་ཡོང་ཐུབ་པའི་ཆ་རྐྱེན་ནི་ང་ཚོར་ཏན་ཏན་ཡོད་རེད། ང་ཚོ་བོད་མི་ཚོས་འཛམ་གླིང་འདིའི་ཐོག་བྱམས་བརྩེ་གང་ཐུབ་ཐུབ་ཡོང་བར་ཤུགས་རྒྱག་དགོས། སོ་སོར་ཚོགས་བསགས་པ་དང་། བསྟན་པར་ཞབས་འདེགས་སྒྲུབ་པ་ཡང་དེའི་ཐོག་ནས་ཡོང་ཐུབ་དགོས་རེད། ཁ་ཡོད་ལག་ཡོད་ཀྱི་འཛམ་གླིང་འདིའི་ཐོག་ལ་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ནི་མི་གཅིག་ཡིན་པའི་འདུ་ཤེས་དགོས། བྱམས་བརྩེ་དང་སེམས་པ་བཟང་པོ་དགོས་རེད། བྱམས་བརྩེ་ལྡན་པ་ཞིག་དགོས་རེད་ཟེར་ནས་ངོས་ཀྱིས་རྟག་པར་བཤད་ཀྱི་ཡོད། ཉིན་རེ་ཉིེན་རེར་སེམས་སྐྱིད་པ་ཡོང་བ་ཞིག་དང་། ཁྱིམ་ཚང་སྐྱིད་པ་ཡོང་བ། སྤྱི་ཚོགས་སྐྱིད་པ་ཡོང་བ། མཐར་གཏུགས་ན་འཛམ་གླིང་ཐོག་ལ་ཞི་བདེ་ཡོང་བ། གཙོ་བར་སེམས་རྒྱུད་ཞི་བདེ་རང་བཞིན་ཅན། བྱམས་བརྩེ་ལྡན་པ་ཡོང་བ་བྱེད་དགོས་རེད། ཁྱོད་ཚོ་ནི་རྒྱལ་བ་རིན་པོ་ཆེའི་ཕྲུག་གུ་བཞིན་ཆགས་བསྡད་ཡོད་རེད། བྱས་ཙང་། ཁྱོད་ཚོས་ཀྱང་དེ་བཞིན་ཤུགས་རྒྱོབ་ཤོག

གང་ལྟར། སྔ་ཕྱི་མ་གཏོགས་ང་ཚོ་ཚང་མ་ཤི་འགྲོ་ཡི་རེད། ཤི་དུས་སེམས་ནང་འགྱོད་པ་མེད་པ་ཞིག་དགོས་རེད། བཙན་བྱོལ་དུ་བསྡད་པའི་རིང་ལ། རྒྱལ་བ་རིན་པོ་ཆེས་འགོ་ཁྲིད་པའི་འོག་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་དང་མཐུན་པ། བྱམས་བརྩེ་གོང་འཕེལ་གཏོང་བའི་ཆེད་སོ་སོས་ཧུར་ཐག་བྱས་པ་རེད། དེའི་ཆ་རྐྱེན་གཙོ་གཅིག་ནི་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་མུ་མཐུད་ནས་གནས་ཐུབ་རྒྱུ་ནི་གནད་འགག་ཆགས་ཀྱི་ཡོད་དུས། གང་ཐུབ་ཅི་ཐུབ་བྱས་རེད། དེའི་དགེ་བ་བྱིན་རླབས་ལ་བརྟེན་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་བར་ཤོག་ཅེས་སྨོན་ལམ་ཡག་པོ་རྒྱོབ། ཤེས་སོང་ངམ།

བརྟན་ཞུགས་འབུལ་མཁན་ཚོ་ངོས་ཚེ་རིང་པོ་ཞིག་ཡོང་བའི་རེ་འདུན་དང་སྨོན་ལམ་རྒྱག་བཞིན་ཡོད་རེད། ངོས་ཀྱིས་ཀྱང་སྨོན་ལམ་རྟག་པ་རྒྱག་གི་ཡོད། ངོས་ཀྱི་དགེ་རྒན་འཁྲུལ་ཞིག་རིན་པོ་ཆེས་ངོས་རང་ཐང་སྟོང་རྒྱལ་པོ་ནང་བཞིན་སྡོད་དགོས་རེད་ཅེས་གསུངས་སོང་། ཐང་སྟོང་རྒྱལ་པོ་ནི་དགུང་ལོ་༡༢༥་བཞུགས་པ་རེད། དེ་འདྲ་ཁག་པོ་རེད། ཡང་ངོ་ཤེས་པ་ཁ་ཤས་ཤིག་གིས་ངོས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དགུང་ལོ་༡༠༨་བཞུགས་པ་རེད་ཟེར། དེ་འདྲ་རེ་འདོད་བྱེད་ཀྱི་ཡོད། གང་ལྟར་ཡང་། ལོ་གོ་གྲངས་དང་བརྒྱ་ཡས་མས་ཤིག་ལ་སྡོད་ཀྱི་རེད་བསམ་གྱི་འདུག ངོས་ཀྱི་ངོས་ནས་བསྟན་པ་དང་འགྲོ་བའི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད། འགྲོ་བའི་སྡུག་བསྔལ་སེལ་བ་ཤོག་ཅེས། ཁ་ཡོད་ལག་ཡོད་ཀྱི་བསྟན་པ་དང་འགྲོ་བར་ཕན་བཞིན་ཡོད་དུས་དགུང་ལོ་བརྒྱ་ཡས་མས་ཞིག་ལ་སྡོད་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད་ཅེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།