18
Thu, Apr

༢༠༡༩ལོའི་ཟླ་༤་ཚེས་༡༨་ཉིན་རྡ་ས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས་སུ་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༨་ཉིན། བཞུགས་སྒར་དུ་རྟེན་གཞི་བྱེད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་ཡོངས་ནས་རྒྱ་གར་རྒྱལ་ཡོངས་ནང་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་རྒན་གཞོན་ཆིག་སྟོང་ཙམ་ཞིག་གིས་ཕྱི་ལོ་༢༠༡༩ཕྱི་ཟླ་༤ ཚེས་༢༥ཉིན། ྋཀུན་གཟིགས་༧པན་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༣༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་རྒྱ་གར་ནང་དང་རྒྱལ་སྤྱིའི་ཐོག་གནས་ཚུལ་དྲིལ་བསྒྲགས་བརྒྱུད་ང་ཚོར་རྒྱབ་སྐྱོར་རག་ཐབས་སུ། རྒྱ་གར་གྱི་ས་ཕྱོགས་ལྔའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། ས་ཆ་དེ་ཚོ་ནི་བཞུགས་སྐར་རྡ་ས་ནས་ཅན་ཇི་གྷར་བར། རྡེ་ར་རྡུན་ནས་ལྡི་ལི་བར། སྒང་ཏོག་ནས་ས་ལུ་སྒ་ར་བར། ནགྷ་པུར་ནས་ ཆ་ཏྲིས་ལྷར་བར་དང་། མའ་སོར་ནས་བེནཀ་ལོར་བར་བཅས་ཡིན་འདུག

རྡ་ས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས་སུ་གསུང་དོན། བོད་མི་ཚོ་གོམ་བགྲོད་ཕེབས་སྐབས་ཚ་བ་དང་ལམ་ཐག་རིང་པོ་ཕེབས་དགོས་ཡོད་ཙང་དཀའ་ངལ་དང་དཀའ་ལས་ཡོང་སྲིད་པ་རེད། དེའི་སྐབས་སེམས་སུ་ངེས་པ་དུ་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དབང་འོག་ཏུ་གདུག་རྩུབ་ག་ཚོད་མྱོང་གི་ཡོད་མེད་ཀྱི་ཐད་ལ་བསམ་བློ་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་།

གོམ་བགྲོད་ཀྱི་ལས་འགུལ་འདི་བརྒྱུད་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཞུ་འབོད་ཁག་ནི། རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་ཡོང་རྒྱུ་དང་། གང་ཉིད་ཀྱི་གནས་སྟངས་གང་འདྲ་ཡོད་མེད་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ་དང་། རྒྱ་གར་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་གློད་གྲོལ་ཡོང་སླད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་ཆེད་བཅས་ཡིན་འདུག།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་དུ། དེ་རིང་ནི་དགའ་སྐྱོ་ཟུང་འབྲེལ་གྱི་ཉིན་མོ་ཞིག་ཡིན། གང་ལགས་ཤེ་ན། དེ་རིང་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་ལ། ༸མགོན་པོ་གང་ཉིད་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་༢༤ ཙམ་འཁོར་བའི་སྐྱོ་གར་གྱི་ཉིན་མོ་ཞིག་ཀྱང་ཡིན། སྤྱི་ལོ་༡༩༨༩ ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་རྗེས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་༡༩༩༥་ལོར་དགུང་གྲངས་དྲུག་ལ་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད། འོན་ཀྱང་གནས་ཚུལ་དེ་དག་ཁྱབ་བསྒྲགས་ཕྱིན་ནས་ཉིན་ཤས་ལས་མ་འགོར་བར་རྒྱ་ནག་གཞུང་ནས་ཁོང་དང་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཀག་ཉར་དང་བཙན་ཁྲིད་བྱས་པ་མ་ཟད། གདན་ས་བཀྲིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་མཆོག་ཀྱང་གར་སོང་ཆ་མེད་དུ་གྱུར་བ་རེད།

དེ་རིང་སྤྱི་ལོ་༢༠༡༩ ཟླ་༤ ཚེས་༢༥ ཉིན་མགོན་པོ་གང་ཉིད་དགུང་གྲངས་ ༣༠ རུ་ཕེབས་ཀྱི་ཡོད་ལ། ཁོང་ཉིད་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༤ ཧྲིལ་པོ་ཕྱིན་པའི་རིང་ཁོང་གི་གནས་སྟངས་ཐད་ཤེས་རྟོགས་གང་ཡང་བྱུང་མེད། འདས་པའི་དུས་ཡུན་དེ་དག་གི་རིང་བོད་པ་དང་བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཆང་གི་ཚོགས་སྡེ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རྒྱལ་སྤྱིའི་ཚོགས་སྡེ་ཁག རྒྱལ་ཁབ་ཁག་གི་སྲིད་གཞུང་སོགས་ཀྱིས་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་རྩད་གཅོད་བྱས་ཡོད་ཀྱང་རྒྱ་གཞུང་གི་ངོས་ནས་དེར་ཡ་ལན་གང་ཡང་བྱེད་ཀྱི་མེད། ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་གཞུང་འཛིན་ཁག་དང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་ལྷན་དུ་མཇལ་འཕྲད་གནང་རྒྱུའི་རེ་འདུན་ལ་རྒྱ་གཞུང་གིས་དང་ལེན་རྩ་བ་ཉིད་ནས་བྱས་མེད། ཉེ་ཆར་རྒྱ་གཞུང་ནས་གནས་ཚུལ་མཁོ་འདོན་བྱས་པ་ལྟར་ན་སྤྱི་ལོ་༢༠༡༥ལོར་ྋཔཎ་ཆེན་རིན་པོ་ཆེ་མཆོག་དེང་དུས་ཀྱི་སློབ་སྦྱོང་བྱེད་བཞིན་པ་དང༌། ཁོང་གི་ཡབ་ཡུམ་རྣམ་གཉིས་ནས་ཀྱང་ཁོང་ལ་ཕྱི་ལོགས་ནས་འགོག་རྐྱེན་བཟོ་རྒྱུར་འདོད་མོས་གནང་གི་མེད་པའི་སྐོར་སྤེལ་ཡོད། གནས་ཚུལ་དེ་དག་བྱུང་བ་ནས་བཟུང་རྒྱ་གཞུང་གི་སྐུ་ཚབ་ཚོས་རྟག་པར་སྐད་ཆ་དེ་དག་ཡང་བཤད་བསྐྱར་བཤད་བྱེད་བཞིན་ཡོད། འོན་ཀྱང་ཁོ་ཚོས་ད་དུང་ཡང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། གང་ཉིད་ཀྱི་ནང་མི་སྐུ་འཁོར་དང་བཅས་པ་གང་དུ་བཞུགས་ཡོད་མེད་སྐོར་གང་དང་གསལ་བརྗོད་བྱས་མེད།

བོད་ནང་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་ཆ་མཚོན་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་ལ་བླ་ཆེན་ཆེ་ཤོས་གཉིས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རིན་པོ་ཆེས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་གལ་གནད་ཆེ་བའི་ཆ་ཤས་བཞེས་ཡོད། རྒྱ་ནག་གཞུང་གི་ངོས་ནས་འཛེམ་ཟོན་ཅི་ཡང་མེད་པར་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བཀག་ཉར་བྱས་པ་ནི་བོད་ནང་གདུག་རྩུབ་ཆེ་ལ་བཟོད་དཀའ་བའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་ར་སྤྲོད་གསལ་པོ་ཡིན། ། བོད་མི་རིགས་ལ་མཛའ་ཞིང་གཅེས་པའི་བླ་མའི་དྲུང་ནས་ཆོས་ཞུ་བར་དམ་དྲག་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེ་ལྟ་བུར་ཆ་མཚོན་ན་མཇལ་རྒྱུ་ལྟ་ཅི་མཐའ་ན་གང་ཉིད་ཀྱི་གནས་ཚུལ་གོ་ཐོས་ཙམ་ཡང་མེད་པའི་གནས་སྟངས་ཐབས་སྐྱོ་བོ་ཞིག་ཆགས་ཡོད། རྒྱ་གཞུང་གི་ངོས་ནས་དེ་ལྟར་བུའི་ངན་བྱུས་ལག་བསྟར་བྱས་ཏེ་བོད་མིའི་ཆོས་དད་རང་དབང་ཙམ་མ་ཟད་འགྲོ་བ་མིའི་ཐོབ་ཐང་ལའང་དོ་ཕོག་གཏོང་མུས་ཡིན།

༸པཎ་ཆེན་རིན་པོ་ཆེའི་སྐུ་དབང་གི་གལ་གནད་ལ་གཞིགས་ཏེ་རྒྱ་གཞུང་གི་ངོས་ནས་འབྱུང་འགྱུར་ྋགོང་ས་༧སྐྱབས་མགོན་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་ཐད་མགོ་ཐར་དཔུང་འཇུག་གི་ངན་བྱུས་དེ་ལ་གཞིས་བྱེས་བོད་མི་ཡོངས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རྒྱ་གཞུང་གི་ངོས་ནས་དེ་ལྟ་བུའི་ངན་བྱུས་ཀྱི་མཇུག་འབྲས་ལ་འགན་འཁྱེར་དགོས་ཀྱི་ཡོད། ད་ལྟའི་ཆར་རྒྱ་གཞུང་གི་དམ་དྲག་བཀག་ཉར་འོག་༧བཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་ཡོད་པ་དང་། སྐུའི་མཚན་གནས་དང་མཐུན་པའི་ཆོས་ཕྱོགས་དང་དེང་དུས་ཀྱི་སྐུ་ཡོན་ཚད་ལྡན་དགོས་པ་གལ་འགངས་ཆེན་པོ་ཡིན་པས་དེ་དག་གི་འགན་ལེན་མཐའ་ཅིག་ཏུ་ཞུ་དགོས་ཀྱི་ཡོད།

སྤྱི་ལོ་ ༡༩༩༥ ལོ་ནས་རྒྱ་གཞུང་གིས་ཆུང་སྲིད༸པན་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་པ་ནས་བཟུང་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་ཡོངས་ནས་རྒྱལ་ནང་དུ་༸སྐུའི་འཁྲུངས་སྐར་དང་འཛིན་བཟུང་བྱས་པའི་ཉིན་མོར་ས་གནས་སོ་སོར་དྲིལ་བསྒྲགས་དང་གོ་རྟོགས་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང་། རྒྱལ་སྤྱིའི་ནང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མཚན་པ་ཁག་ལ་ཞུ་གཏུགས་རེ་སྐུལ་འབུལ་ཡིག་དང་སྙན་ཐོ་འབུལ་རྒྱུས་མཚོན་ལས་འགུལ་རབ་དང་རིམ་པ་མང་དག་ཅིག་སྤེལ་ཡོད་ལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་ལྷན་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་༸མགོན་པོ་གང་ཉིད་གློད་གྲོལ་ཡོང་རྒྱུ་དང་གདན་ས་བཀྲིས་ལྷུན་པོར་ཞབས་སོར་བདེ་བར་མ་འཁོད་བར་ལས་འགུལ་མུ་མཐུད་དེ་སྤེལ་རྒྱུར་འབད་བརྩོན་ཧུར་ཐག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

དེར་བརྟེན། དེ་རིང་ཕྱི་ལོ་༢༠༡༩ ཕྱི་ཟླ་༤ ཚེས་༢༥ ཉིན་ྋཀུན་གཟིགས་༧པན་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༣༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་རྒྱ་གར་ནང་དང་རྒྱལ་སྤྱིའི་ཐོག་གནས་ཚུལ་དྲིལ་བསྒྲགས་བརྒྱུད་ང་ཚོར་རྒྱབ་སྐྱོར་རག་ཐབས་སུ་རྒྱ་གར་གྱི་ས་ཕྱོགས་ལྔ་༼ བཞུགས་སྒར་རྡ་ས་ནས་ཅན་ཇི་གྷར་བར། རྡེ་ར་རྡུན་ནས་ལྡི་ལི་བར། སྒང་ཏོག་ནས་ས་ལུ་སྒ་ར་བར། ནགྷ་པུར་ནས་ཆ་ཏྲིས་ལྷར་བར་དང་། མའ་སོར་ནས་བེནཀ་ལོར་བར།༽ ནང་གཞི་རྒྱ་ཆེ་བའི་གོམ་བགྲོད་་གོ་སྒྲིག་ཞུ་བཞིན་ཡོད་ཅེས་འཁོད་འདུག