16
Tue, Apr

རྒྱ་གར་གཞུང་གི་འཕྲོད་བསྟེན་བློན་ཆེན་༸གོང་ས་མཆོག་ལ་མཇལ་འཕྲད་དུ་ཕེབས་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༤་ཉིན། རྒྱ་གར་རྒྱལ་ས་ལྡི་ལིའི་༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་མཆོག་ཕེབས་ཏེ། མགོན་པོ་ཁོང་གི་སྐུའི་འཕྲོད་བསྟེན་ཐོག་རྒྱ་གར་གཞུང་ངོས་ནས་གང་གནང་དགོས་རུང་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་འདུག

དེ་ཡང་། ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསུང་དོན་ལྟར་ན། གོང་ཚེས་ཉིན་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་བློན་ཆེན་ཇེ་པུར་ཀ་ཤ་ཎ་ཌ(Jagat Prakash Nadda) མཆོག་རྒྱ་གར་གཞུང་གི་སྐུ་ཚབ་བྱས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་མགྲོན་ཁང་དུ་སྐུ་མདུན་དགོངས་ཁམས་ག་འདྲ་ཡོད་མེད་ཆེད་དུ་མཇལ་འཕྲད་དུ་ཕེབས་ཡོད་པ་དང་། རྒྱ་གར་གཞུང་ངོས་ནས་ཞབས་ཞུ་དགོས་པ་དེ་འདྲ་ཡོད་ན་ཆ་ཚང་ཞུ་ཡི་ཡིན་ཞེས་གསུངས་གནང་ཡོད་འདུག

དེའི་རྗེས། སྐུའི་བླ་སྨན་ཚེ་དབང་རྟ་མགྲིན་ལགས་ཀྱིས་སྐུའི་སྙུང་གཞི་དྲག་སྐྱེད་ཞེ་དྲག་བྱུང་གནང་འདུག ད་ནས་སྐུ་ངལ་གསོ་གནང་ནས་བཞུགས་ཡོད། ཐོག་མར་སྙུང་གཞི་དེ་ཚ་གྲང་ཐེབས་པ་ཤིག་རེད། དེ་ཧ་ཅང་ཡག་པོ་དྲག་གནང་འདུག དེའི་ཐོག་སྐུ་ཁམས་ལ་འབྲེལ་བ་ཡོད་པའི་བོད་སྨན་གང་དྲག་དྲག་ཕུལ་གནང་གི་ཡོད་ཅེས་དང་། རྒྱ་ཆེའི་མི་མང་ཚོས་ཐུགས་བདེ་བོ་གནང་རྒྱུ་དང་། གཙོ་བོ་དེ་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་བྱེད་དགོས་རྒྱུར་གལ་ཆེན་པོ་ཡིན་པ་དང་། སོ་སོའི་ངོས་ནས་ཞབས་རིམ་གནང་ཐུབ་ན་ཞེ་དྲག་ཡག་པོ་ཡོང་ས་རེད་ཅེས་གསུངས་འདུག

གཞན་ཡང་། ཕྱི་ལུགས༸སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུང་དོན། ༸གོང་ས་མཆོག་སྨན་ཁང་ནང་དུ་ཕེབས་བའི་ཉིན་གཉིས་པ་ནས་དྲག་སྐྱེད་ཕེབས་སོང་། ཉིན་དང་པོ་ནས་སང་ཉིན་བདུན་ཕྲག་གཅིག་ཆགས་ཀྱི་ཡོད་པ་དང་། ཧ་ལམ་བརྒྱ་ཆ་བརྒྱད་ཅུ་དགུ་ཅུ་དྲག་སྐྱེད་ཕེབས་བའི་བཟོ་འདྲ་འདུག ཡར་མར་ཕེབས་སྟངས་དང་། ཞལ་ལག་མཆོད་སྟངས། དེ་བཞིན་སྐུ་རྩལ་རྩད་སྟངས། ཉིན་དང་པོ་དང་བསྡུར་ན་ཧ་ལས་པའི་དྲག་སྐྱེད་བྱུང་འདུག དེར་བརྟེན་བོད་རྒྱ་ཆེ་མི་མང་ཚོས་སྤྱིར་ཐུགས་ཁྲལ་ཡོང་གི་རེད་དེ། སྐུའི་སྙུང་གཞི་དྲག་སྐྱེད་ཕེབས་སྟངས་དང་སྐུ་ཁམས་དེ་ཡར་རྒྱས་ཕྱིན་ཡོད་ཙང་། ཐུགས་ཁྲལ་ཧ་ཅང་བྱེད་དགོས་པ་དང་ཛ་དྲག་་གནས་སྟངས་གང་ཡང་མི་འདུག་ཅེས་གསུངས་འདུག