19
Fri, Apr

རྡ་སའི་སྨན་རྩིས་ཁང་བཙུགས་ནས་ལོ་༤༨་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་པའི་ཚེས་༢༩་ཉིན། རྡ་སའི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ལྷ་ས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༡༠༣་འཁོར་གྱི་ཡོད་པ་དང་། བྱེས་སུ་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་ལོ་༤༨་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་དམིགས་བསལ་སྐུ་མགྲོན་གཙོ་བོ་གྷོ་དྷ་ཤན་གྷུ་ཏ(Dr. Gurdarshan Gupta)དང་།སྨན་རྩིས་ཁང་གི་འགན་འཛིན་དང་སྨན་པ་དང་སློབ་ཕྲུག་ལས་བྱེད་སོགས་འཛོམས་གནང་འདུག

དེ་ནས་སྨན་རྩིས་ཁང་གི་མཐོ་སློབ་སློབ་མ་རྣམས་ནས་ཞབས་གཞས་ཁག་གཉིས་གཟིགས་འབུལ་གནང་རྗེས། སྨན་རྩིས་ཁང་གི་འགན་འཛིན་ནས་ཐོག་མར་མཛད་སྒོ་ཐོག་ཡོད་པ་ཚང་མ་འཚམས་འདྲི་ཞུས་རྗེས་གསུང་དོན། སྨན་རྩིས་ཀྱི་ཞུ་བྱའི་གཙོ་བོ་གྱུར་པའི་ལས་འགན་གལ་ཆེ་ཤོས་ནི་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས། སྐུའི་འཕྲོད་བཞེས་ཞབས་ཞུ་སྨན་པ་རྣམས་ནས་མགོན་པོ་གང་ཉིད་ཀྱི་༸སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་ཁག་རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་བཞིན་པ་དང་། སྐར་དཔྱད་རྩིས་རིག་ནས་སྐུ་ཡི་དགུང་ཀེག་རྩིས་རིགས་ཀྱང་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་པ་ཡིན། ༸རྒྱལ་བའི་སྐུ་བཅར་སྨན་པ་རྣམ་དང་སྐར་རྩིས་པ་གཙོ་བོ་ཙམ་མིན་པ་སྡེ་ཚན་མང་པོའི་ལས་བྱེད་མང་པོར་དགའ་ལྡན་ཕོ་བྲང་གི་ཕྱག་ལས་ཐོག་རམ་འདེགས་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་པ་དགའ་ངོམས་དགོས་པ་ཞིག་ཡིན་ཞེས་དང་།

ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སྡེ་ཚན་ཁག་༡༡་དང་། རིག་གཞུང་ཁོངས་སྡེ་ཚན་༡༡་བཅས་སྡེ་ཚན་༢༢་དང་། འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཤད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་༩་བཅས་དང་། ད་ལྟའི་ཆར་སྨན་པ་ཕོ་༧༣་དང་མོ་༤༣་བསྡོམས་ནས་༡༢༦། གཞན་ཆོད་གན་སྨན་པ་པོ་༦་དང་སྐར་རྩིས་པ་ཕོ་༨་དང་མོ་༧་བསྡོམས་ནས་༡༥། ཉམས་གསོག་སྨན་པ་ཕོ་༣༡་དང་མོ་༢༦་བསྡོམས་ནས་༥༧།ཉམས་གསོག་སྐར་རྩིས་པ་ཕོ་༨་དང་མོ་༡༢་བསྡོམས་ནས་༢༠་བཅས་དང་སྨན་སློབ་དང་སྐར་རྩིས་སློབ་ཕྲུགའཛིན་སྐྱོང་ལས་བྱེད། འཛིན་སྐྱོང་ཆོད་གན་ལས་བྱེད་། ལས་མི་དང་ཚོད་ལྟའི་ལས་བྱེད་བཅས་བསྡོམས་ནས་ཕོ་༤༦༦་དང་མོ་༣༦༡་དང་ཁྱོན་བསྡོམས་ནས་༨༢༧་ཡོད་ཅེས་སྨན་རྩིས་ངོ་སྤྲོད་མདོར་བསྡུ་གནང་སོང་།

དེ་རྗེས་སྨན་སྦྱིན་ཞབས་ཞུ་ལོ་རྒན་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་། དེ་བཞིན་བོད་ནས་གསར་དུ་འབྱོར་བའི་བོད་མི་དང་གྲྭ་བཙུན་དང་སློབ་ཕྲུག་སོགས་ལ་ཞུ་བཞིན་ཡོད་མེད་སོགས་སྐོར་ལ་གསུངས་སོང་།

དེ་ནས་ཁོང་གི་མུ་མཐུད་ནས་གསུང་དོན། ༸གོང་ས་མཆོག་གིས་འབྱུང་འགྱུར་རྒྱ་ནག་སྐམ་ས་ཆེན་མོའི་ནང་བོད་ཀྱི་གསོ་བ་རིག་པ་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པའི་དུས་ཤིག་ཤར་སྲིད་པའི་སྐོར་བཀའ་སློབ་ཕེབས་པ་ལྟར། འདིའི་ཕྱོགས་ནས་ཀྱང་ད་ལྟ་ནས་སྔོན་འགྲོའི་གྲ་སྒྲིག་ཚུལ་དུ་རྒྱ་ཡིག་སྡེ་ཚན་ཆེད་འཛུགས་ཞུས་ཡོད་པ་མ་ཟད། རྒྱ་ཡིག་དྲ་རྒྱ་ཞིག་གསར་བཟོ་བྱས་པ་དེས་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཙོ་པའི་ཐའེ་ཝན་དང་། སིང་གྷ་པུར། ཧོང་ཀོང་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རྒྱ་རིགས་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པ་ར་སྤྲོད་བྱུང་།

གཞན་ཡང་སྨན་རྩིས་མཐོ་སློབ་ཁང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་གནས་སྤོ་གནང་རྒྱུ་ཡིན་སྐོར་དང་། སྨན་དང་ཐོན་སྐྱེད་ཀྱི་སྤུད་ཚད་གནས་སྟངས་གྱི་སྐོར། སེམས་ཁམས་འཕྲོད་བསྟེན་སྐོར། ཕྱི་རྒྱལ་ཁག་ཏུ་སྐོར་བསྐྱོད་ལས་རིམ་སྐོར། རིན་ཆེན་རིལ་བུའི་སྐོར།སྨན་པ་དགེ་སློང་བསྟན་འཛིན་བྱབ་ཆུབ་ལགས་ཀྱི་སྨན་ཁང་རྩིས་ལེན་སྐོར། གསོ་བ་རིག་པ་ལ་བོད་སྨན་ལབ་ཆོག་པའི་སྐོར། སུད་སིའི་བང་བོད་སྨན་གསུམ་དེབ་སྐྱེལ་བྱ་རྒྱུའི་སྐོར། ཀུན་ཕན་ཚོགས་པར་གཞོགས་འདེགས་ཀྱི་སྐོར། ཐུགས་རྗེ་ཆེ་ཞུའི་ལོ་སྲུང་རྩིས་ཀྱི་སྐོར། སྨན་རྩིས་ཁང་ནི་རྒྱ་གར་གཞུང་དང་ས་གནས་གཞུང་ནང་ཚོང་ཁྲལ་GST་མཐོ་ཤོས་འབུལ་མཁན་གསུམ་པ་ཡིན་པའི་སྐོར་བཅས་ཀྱི་ཐོག་ནས་གསུང་བཤད་གནང་སོང་།

དེ་རྗེས་སྨན་སློབ་དང་རྩིས་སློབ་སློབ་མཐའ་ཐོན་པ་རྣམས་དང་སྐབས་༡༣་པའི་སྨན་པ་རྣམས་ལ་དམིགས་གསལ་སྐུ་མགྲོན་མཆོག་གིས་ཕྱག་འཁྱེར་བསྩལ་སོང་བ་དང་། དེ་ནས་སྨན་རྩིས་ཁང་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་ལས་དྲུང་ཚེ་རིང་ལྷ་མོ་ལགས་ནས་ངོ་སྤྲོད་དང་འབྲེལ་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་དཔེ་དེབ་ཁག་དབུ་འབྱེད་གནང་སོང་། དེ་བཞིན་སྨན་རྩིས་ཁང་ལས་བྱེད་ཞབས་ཞུ་ཞུས་ནས་ལོ་ངོ་༣༠་དང་༢༠་ལོན་པ་རྣམས་ལ་གཟེགས་བསྟོད་བྱ་དགའ་བསྩལ་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསུང་དོན། དེ་རིང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་མི་ལོ་ ༥༨ འཁོར་བའི་དུས་ཆེན་ཐོག་ལག་འཁྱེར་སོན་པའི་སློབ་མ་རྣམས་ལ་སླར་ཡང་འཚམས་འདྲི་ཞུ་རྒྱུ་ཡིན།

ད་ཆ་རྒྱ་གར་གྱིས་གཙོས་འཛམ་གླིང་ཁྱོན་ཡོངས་ལ་བོད་ཀྱི་ཐུན་མིན་རིག་གཞུང་གཅིག་ཇི་ལྟར་ཁྱབ་སྤེལ་ཕྱིན་ཐུབ་པ་ནི་དེ་རིང་འདིར་ཚོགས་ཁང་ནང་བཞུགས་མཁན་རྣམས་དང་། དེའི་ཐོག་ཐད་ཀར་འབྲེལ་བ་ཡོད་མཁན་གྱི་ཕྱག་ལས་གནང་མཁན་ཡོངས་ལ་མངགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཡོད།

གོང་དུ་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་འདས་པ་ལོ་གཅིག་གི་ལས་བསྡོམས་ཀྱི་ཚུལ་དུ་སྙིང་བསྡུས་ཤིག་གསུང་བཤད་གནང་བ་ལྟར་སྤྱི་ཚོགས་ནང་ཞབས་འདེགས་རྒྱ་ཆེ་བ་ཞིག་ཞུ་བཞིན་ཡོད་པ་དེ་བརྗོད་མི་དགོས་པ་ཞིག་དང་། བསྔགས་བརྗོད་དང་སྦྲགས་དགའ་སྤོབས་སྐྱེ་དགོས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ལྷག་པར་འབྱུང་འགྱུར་ལོའི་ནང་རིམ་བཞིན་ལས་གཞི་རྣམས་རྒྱ་ཆེར་འགྲོ་རྒྱུ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་སྤོ་རྒྱུའི་ལས་གཞི་འགྲོ་བཞིན་ཡོད། གཞན་ཡང་སྨན་རྩིས་ཁང་ནང་སྨན་ཁང་གསར་པ་མང་པོ་ཞིག་ཟླ་སྒྲིལ་གཏང་རྒྱུའི་ཐད་གོང་དུ་འགན་འཛིན་མཆོག་གིས་ལས་བསྡོམས་ནང་གསུང་པ་ལྟར་རེད། དེར་བརྟེན་ཕྱོགས་གང་སར་ནས་བལྟས་ཡོང་དུས་སྨན་རྩིས་ཁང་དང་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཁྱབ་སྤེལ་དང་དར་སྤེལ་ཆེན་པོ་ཞིག་འགྲོ་གི་ཡོད་པའི་གནས་བབ་ཆགས་ཡོད།

གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། གཞན་ཡང་དེའི་ཐོག་ལ་ཐད་ཀར་འབྲེལ་བ་ཡོད་མཁན་ཡོངས་ཀྱི་འགན་འཁུར་ཧུར་ཐག་གནང་བའི་གྲུབ་འབྲས་ཤིག་ཡིན། རྒྱ་གར་གྱིས་གཙོས་རྒྱལ་སྤྱིའི་ནང་སྨན་རྩིས་ཁང་གི་ལས་དོན་གནང་བཞིན་ཡོད་སྟབས། རང་སོ་སོའི་ལུང་པའི་ཁྲིམས་དང་མཐུན་པའི་ལས་དོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།

ཉེ་ཆར་གྲོས་ཚོགས་ནང་བོད་ཀྱི་སྨན་རྩིས་ཁང་གི་ཐོག་ལ་གླེང་སློང་བྱུང་ཡོད་སྐོར་དང་། གཞན་ཡང་ཕྱི་ལུགས་ཀྱི་སྨན་བཅོས་བྱེད་སྟངས་ཐོག་ལ་དོ་སྣང་བྱེད་དགོས་རྒྱུ་ཧ་ལས་པ་གལ་ཆེན་པོ་རེད། དབུས་བོད་ཀྱི་སྨན་རྩིས་ཁང་གིས་ནད་རིགས་སྔོན་འགོག་ཐད་ལས་འཆར་སྤེལ་བཞིན་ཡོད་པ་ལྟར། མ་འོངས་པར་དེ་དེ་བཞིན་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད། སྤྱིར་ནད་དང་ན་ཚ་གསར་པ་ལ་སོགས་ལ་སྨན་རྩིས་ཁང་གི་ངོས་ནས་ཐུགས་སྣང་དང་དོ་སྣང་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་སེམས་ཁམས་ཀྱི་འཕྲོད་བསྟེན་ཐོག་ལ་དམིགས་བསལ་དོ་སྣང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས། སྨན་རྩིས་ཁང་གི་སྐར་རྩིས་པ་གཙོ་བོ་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་སོང་།