19
Fri, Apr

༢༠༡༩ལོའི་ཟླ་༣་ཚེས་༢༩་ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་ལེགས་ངང་མཇུག་གྲུབ པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ཟླ་༣ཚེས་༡༩་ནས་ཚེས་༢༩བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་ཚོགས་ཡོད་པ་ལྟར། ཉིན་བཅུའི་རིང་ལ་ལས་ཁུངས་ཁག་གི་སྔོན་རྩིས་ཀྱི་སྐོར་དང་། མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་གཏན་འབེབས་གནང་སོང་བ་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་། ཁྲིམས་བཟོའི་ལས་རིམ། རྩིས་ཁྲ་སོགས་ཀྱི་སྐོར་ནས་བགྲོ་གླེང་དང་། ལན་འདེབས་སོགས་གནང་སྟེ། དེ་རིང་ཉིན་མཐའ་མ། ཚེས་༢༩་ཉིན། ཐེངས་འདིའི་གྲོས་ཚོགས་བདེ་ལེགས་ངང་མཇུག་གྲུབ་སོང་།

དེ་ཡང་ཉིན་དང་པོར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ།ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ལྷན་འཛོམས་ཐོག་བོདད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུགས་འཛུགས་གནང་ཞིང་། དེ་ཡང་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་གནང་དོན། “ཐེངས་འདིའི་གྲོས་ཚོགས་འདི་ནི་སྔོན་རྩིས་སྐོར་ཡིན་པ་དང་། འདིའི་ནང་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག་ཡོད། དེ་ནས་གདུང་སེམས་མཉམ་སྐྱེད་གྲོས་ཆོད་གྲོས་འཆར་ཡོད། དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཐུགས་ཞིབ་གནང་བའི་སྙན་ཐོ་འདུག དེ་ནས་ཁྲིམས་བཟོའི་ལས་རིམ་ཁ་ཤས་ཡོད། དེ་མིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་༩སྙན་ཐོ་བཅས་ཡོད།” ཅེས་གསུངས་ཏེ། ཐེངས་འདིའི་གྲོས་ཚོགས་ཀྱི་ལམ་རིམ་ངོ་སྤྲོད་གནང་། གཞན་ཡང་། གྲོས་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་ཕམ་མི་དགོས་པ་ཞིག་བྱེད་དགོས་པའི་སྐོར་ནས་ཀྱང་ལམ་སྟོན་ནན་མོ་གནང་སོང་། དེ་ནས། འདིའི་ནང་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག་ཡོད། དེ་རྗེས་གདུང་སེམས་མཉམ་སྐྱེད་གྲོས་ཆོད་གྲོས་འཆར་ཁག་ཅིག་བཞག་སོང་།

ཉིན་གཉིས་པར། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་མུ་མཐུད་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་རྗེས། གྲོས་ཆོད་གྲོས་འཆར་ཐོག་དགག་བྱ་བྱུང་བར་བརྟེན་མང་མོས་ཀྱིས་གཏན་འབེབས་གནང་སོང་། དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་གནང་ཞིང་། དེར་བགྲོ་གླེང་དང་གནད་དོན་ཐད་ལ་འབྲེལ་ཡོད་ཀྱིས་ལན་འདེབས་གནང་། དེ་ནས་ལས་ཁུངས་ཁག་གི་སྔོན་རྩིས་གཏན་འབེབས་གནང་།

ཉིན་གསུམ་པར། མུ་མཐུད་ནས་ཕྱི་དྲིལ་ལས་ཁུངས། སྲིད་བྱུས་ཉམས་ཞིབ་ཁང་། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་། འཕགས་བོད་འབྲེལ་མཐུད་ལས་ཁུངས། ཨ་རིའི་དོན་གཅོད་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས་རྣམས་སྤྱི་མོས་ཀྱིས་གཏམ་འབེབས་གནང་། ཉིན་བཞི་པར། བཀའ་བློན་གྱི་འོས་འདེམས་ཐོག་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་འོས་མིའི་ལོ་རྒྱུས་ངོ་སྤྲོད་སྙན་སྒྲོན་གནང་བ་ལྟར། སྤྱི་འཐུས་རྣམས་ནས་གསང་བའི་འོས་བསྡུ་གནང་སྟེ། བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ལ་འོས་གྲངས་༢༡གིས་རྒྱབ་སྐྱོར་ཐོབ་སྟེ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད། དེའི་རྗེས་མུ་མཐུད་ནས་ཟུར་སྔོན་རྩིས་ཀྱི་སྐོར་ལ་བགྲོ་གླེང་གནང་།

ཉིན་ལྔ་པར། མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་སོང་།

ཉིན་དྲུག་པར། དཔལ་ལས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་། ཆོས་རིག་ལས་ཁུངས། ལས་བྱེད་གསོལ་ཚང་གི་དམིགས་བསལ་དང་ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་བགྲོ་གླེང་དང་གཏན་འབེབས་གནང་སོང་།

ཉིན་བདུན་པར། མུ་མཐུད་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་དང་། ཟུར་བཀོལ་སྔོན་རྩིས་ཐོག་བགྲོ་གླེང་གནང་སྟེ་སྤྱི་མོས་གཏན་འབེབས་གནང་བ་དང་། ཆོས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་། དེ་ནས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉེར་བཞི་པའི་ནང་གསེས་༧དང་། ༨། དོན་ཚན་ཉེར་ལྔ་པའི་ནང་གསེས་༧། དོན་ཚན་དོན་བདུན་པའི་ནང་གསེས་༡༡བཅས་ཀྱི་ཐོག་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་སོང་།

ཉིན་བརྒྱད་པར། མུ་མཐུད་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཐོག་སྤྱི་འཐུ་བགྲོ་གླེང་དང་ལན་འདེབས། སྤྱི་མོས་གཏན་འབེབས་གནང་ཞིང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་བ་དང་། དེར་དྲི་བ་དང་ལན་འདེབས་གནང་སོང་།

ཉིན་དགུ་པར། མུ་མཐུད་ནང་སྲིད་ལས་ཁུངས་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་ཐོག་བགྲོ་གླེང་དང་ལན་འདེབས། སྤྱི་མོས་གཏན་འབེབས་གནང་། ལས་རིམ་ལྟར། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོས་རྩིས་ཁྲའི་ཚོགས་ཆུང་སྐབས་༩པའི་སྙན་ཐོ་སྙན་སྒྲོན་གནང་སོང་།

ཉིན་བཅུ་པར། ཁྲིམས་བཟོ་ལས་དོན་གྱི་ཐད་ནས་བསམ་འཆར་དང་དགག་པ་ཡོད་མེད། སྤྱི་མོས་གཏན་འབེབས་གནང་བ་དང་། མུ་མཐུད་དེ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོས་རྩིས་ཁྲའི་ཚོགས་ཆུང་སྐབས་༩པའི་སྙན་ཐོ་སྙན་སྒྲོན་གནང་ཞིང་། དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གསུང་བཤད་ཀྱི་ཐད་ལ་དྲི་བ་བཏོན་པའི་ཐད་ལ་ལན་འདེབས་གནང་སོང་། དེའི་རྗེས་ཚོགས་གཙོ་མཆོག་གི་བས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་མཇུག་སྡོམ་གསུང་བཤད་གནང་།

དེ་ཡང་ཐོག་མར་ཁོང་གིས་ཐེངས་འདིའི་གྲོས་ཚོགས་ཉིན་བཅུའི་རིང་གི་ལས་རིམ་གང་སོང་བ་རྣམས་ཕྱོགས་སྡོམ་དང་མ་འོངས་གང་ཞིག་ལ་དོ་སྣང་བྱ་དགོས་པ་སོགས་གསུངས་ཤིང་། ཁྱད་པར་དུ་དབུ་མའི་ལམ་གྱི་སྐོར་དང་། དོལ་རྒྱལ་གྱི་སྐོར་ནས་འདི་ལྟར་གསུང་དོན། དབུ་མའི་ལམ་འདི་ནི། དཔའ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར། རྩ་བའི་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་མ་འོངས་མངོན་གཟིགས་ཀྱི་དགོངས་པ་ཡིན་པ་གང་ཞིག་ལ། བོད་ཕྱི་ནང་གི་རྒྱ་ཆེ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཆགས་ཡོད། དེར་བརྟེན། དེའི་ཐོག་ལ་ང་ཚོ་ཚང་མས་མཇུག་སྐྱོང་གནང་དགོས་པ་དེ་གལ་ཆེན་པོ་ཞིག་རེད། དེ་ནས་དོལ་རྒྱལ་གྱི་སྐོར་ནས། བོད་པ་གཅིག་ཡིན་ནའང་ཚུར་བསྡུ་དགོས་པ་རེད། ཡིན་ནའང་། བོིད་པ་ཞིག་གིོ་ངོ་བོའི་ཐོག་ནས་སྲུང་དགོས་པ་མང་པོ་ཞིག་ཡོད་པ་དང་། དེ་ཚོ་སྲུང་དགོས་པ་རེད་མ་གཏོགས། རྦད་དེ་རྒྱབ་འགལ་རང་བྱས་བསྡད་པ་དེ་རྣམས་ང་ཚོས་ཚུར་ལེན་ཐུབ་པ་མ་རེད། དེར་བརྟེན། ཁ་སང་སྤྱི་འཐུས་ཁ་ཤས་ཀྱིས་དེའི་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པ་གསལ་བཤད་གནང་སོང་། ཡག་ཐག་ཆོད་དང་དེ་དག་རང་རེད། གལ་ཏེ། ཁོ་ཚོས་བླང་དོར་ཤེས་པ་ཡིན་ན། ནམ་ཡང་ང་ཚོར་ཚུར་བསྡུ་དགོས་རེད། དེ་མིན་ཡོང་ཡ་ཡོད་པ་མ་རེད། ཅེས་གསུངས་སོང་། གཞན་ཡང་། ཐེངས་འདིའི་གྲོས་ཚོགས་ཚུགས་ཚུད་པོ་དང་ལམ་ལྷོང་ཡོང་བར་བཀའ་བློན་རྣམས་པ་གཙོ་བྱས་པའི་སྤྱི་འཐུས་རྣམས་ཀྱིས་ཚོགས་གཙོའི་སྟངས་འཛིན་ལ་བརྩི་བཀུར་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཏེ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་ལེགས་ངང་མཇུག་གྲུབ་སོང་།