19
Fri, Apr

༢༠༡༩ལོའི་ཟླ་༣་ཚེས་༡༠་ཉིན་གཞོན་ནུས་གོ་སྒྲིག་འོག་ལྡི་ལིར་གསུམ་བཅུ་དུས་དྲན་སྲུང་བརྩི་གནང་སོང། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣ཚེས་༡༠ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྒྱ་དམར་གྱིས་བོད་ས་ཟིན་པ་དང་བོད་མིས་རང་དབང་སྒེར་ལངས་བྱས་ཏེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཆེད། རྒྱ་གར་རྒྱལ་ས་ལྡི་ལིའི་རམ་ལི་ལ་ཐང་ཆེན(Ramlila ground)་ནས་ཇན་པ་ཐི(Janpath)བར་ཞི་བའི་གོམ་བགྲོད་གནང་ཞིང་།

དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། རྒྱ་གར་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གོ་སྒྲིག་ཞུ་གཏེན་ཁེལ་བ་ལགས་ན། རྒྱ་གར་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་པས་ལས་འགུལ་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་བའི་གསར་འགོད་གསལ་བསྒྲགས་སྔོན་སོང་ལྟར། གོམ་བགྲོད་གནང་མཁན་ནི་ཕྱི་རྒྱལ་ཁག་དང་། རྒྱ་གར་གྱི་ས་གནས་སུམ་ཅུ་ལྷག་ནས་ཕེབས་འདུག དེ་ཡང་གོམ་བགྲོད་གནང་མཁན་ནི་ཆུང་བྱིས་པ་ནས་རྒན་པའི་བར་གྱི་སེར་སྐྱ་ཕོ་མོ་སྟོང་ཕྲག་ལ་ཉེ་བ་ཞིག་འཛོམས་ཤིང་། ད་དུང་རྒྱ་གར་བའི་བོད་དོན་རྒྱབ་སྐྱོར་བའང་གོམ་བགྲོད་དུ་མཉམ་ཞུགས་གནང་ཞིང་། རྒྱ་གར་གྱི་འགོ་ཁྲིད་འགའ་ཡིས་ཀྱང་དེ་རིང་གི་ཉིན་མོ་འདི་དང་འབྲེལ་བའི་གཏམ་བཤད་གནང་སོང་། གཞན་བཀའ་ཟུར་རྒྱ་རི་སྒྲོལ་མ་དང་ཆབ་སྲིད་བཙན་ཟུར་བག་གྲོ། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་སོགས་ཀྱང་ཕེབས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་དེ་རིང་གི་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་འདིར་ལས་འགུལ་འདི་གོ་སྒྲིག་བྱེད་པའི་དམིགས་ཡུལ་གྱི་ནས་ཐད་ནས་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འདི་ལྟར་བཀོད་དོན། ལས་འགུལ་འདི་བཞིན་གོ་སྒྲིག་བྱེད་པའི་དམིགས་ཡུལ་ནི་ད་ལྟའི་བོད་ནང་གི་དཀའ་ཚེགས་དུས་བབ་དྲིལ་བསྒྲགས་དང་། རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པའི་སྙིང་སྟོབས་ལ་གུས་བཀུར་དང་དགོས་འདུན་ལ་རྒྱབ་སྐྱོར། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང་། བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་སྐྱོང་བཅས་ཀྱི་ཆེད་དུ་ཡིན། ཅེས་བཀོད་འདུག

གཞན་ཡང་། གསལ་བསྒྲགས་དེར་འདི་ལྟར་དྲན་སྐུལ་གནང་འདུག་སྟེ། ང་ཚོ་བྱེས་གྱར་བོད་མི་ཡོངས་ནས་བོད་ནང་མནར་གཅོང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་དཀའ་སྡུག་དང་། བོད་མི་རིགས་ཆགས་འཇིག་གི་གནས་སུ་གྱར་བའི་ཛ་དྲག་གི་གནས་ཚུལ་ལ་ཐུགས་སྣང་གིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རྡོག་རྩ་ཆིག་སྒྲིལ་ཐོག་མཉམ་བཞུགས་ཀྱིས།བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་མངོན་འདོད་དང་གནས་སྟངས་ངོ་མ་རྒྱལ་སྤྱིའི་གཞུང་དམངས་གཉིས་ལ་གསལ་སྟོན་བྱེད་ཐུབ་པ་ང་ཚོའི་ལས་འགནན་ཡིན་པ་དེ་རིང་དྲན་སྐུལ་ཞུ་རྒྱུ་ཡིན།