19
Fri, Apr

༢༠༡༩ལོའི་ཟླ་༢་ཚེས་༢༢་ཉིན། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཞིག་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢་ཚེས་༢༢་ཉིན། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཏེ། ཡབ་རྗེ་ཁམས་གསུལ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་གཞན་དོན་དུ་སྐུ་གཤེགས་ཏེ། དེང་བོད་རབ་གནས་ས་ཕག་ལོ་སྟེ། ཕྱི་ལོ་༢༠༡༩་ལོར་ལོ་ངོ་༦༠༠་ཧྲིལ་པོ་འཁོར་བའི་སྐབས་འདིར། ཡབ་རྗེ་རྒྱལ་བ་གཉིས་བ་ཁོང་ལ་བཀའ་དྲིན་རྗེས་དྲན་དང་། སླད་མར་ཡང་ཁོང་གི་རླབས་ཆེན་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཕྱིར་དང་། ཁོང་ལ་རང་ཅག་ཀུན་གྱིས་སྒྲུབ་པའི་མཆོད་སྤྲིན་ཕུལ་བྱུང་རྒྱ་ཆེན་འབུལ་སླད་དུ། ཕྱི་ལོ་༢༠༡༩་ལོ་སྟེ། བོད་རབ་གནས་ས་མོ་ཕག་གི་ལོ་ཧྲིལ་པོ་ ༼རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ༽་ ཞེས་སྲུང་བརྩི་ཞུ་རྒྱུར་ཡིན་པར་གསུངས་སོང་།

དེ་ཡང་ཟླ་འདིའི་ཚེས་༢༢་ཉིན་གཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་གི་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་དུ། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བའི་ཐོག དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་རྣམ་གཉིས། སེ་ར་བྱེས་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་། དེ་བཞིན་ར་སྟོད་ཀྱི་མཁན་རིན་པོ་ཆེ་བཅས་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་མཁན་རིན་པོ་ཆེ་། དགེ་ལུགས་སྤྱི་འཐུས་རྣམ་གཉིས་བཅས་ཕེབས་གནང་ཡོད་འདུག

དེ་རྗེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་ཀླུ་འཁྱིལ་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ་མཆོག་གིས་གསལ་བསྒྲགས་སྒྲོག་སྦྱངས་གནང་དོན། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་༼རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ༽་ ཞེས་སྲུང་བརྩི་ཞུ་རྒྱུར་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པའི་དགོངས་དོན་ལྟར། འཛམ་གླིང་མཐའ་དབུས་གང་སར་ཡོད་པའི་དགེ་ལྡན་པའི་དགོན་སྡེའམ། ཆོས་ཚོགས། བཤད་གྲྭ་དང་། སྐྱེ་བོ་སྒེར་སོགས། མདོར་ན་འཇམ་མགོན་ཙོང་ཁ་པ་ཆེན་པོའི་ཟབ་རྒྱས་གསུང་གི་བདུད་རྩིའི་རོ་བཅུད་མྱང་དང་། མྱོང་བཞིན་པའི་དཔྱོད་ལྡན་གཟུར་གནས་ཡོངས་ཀྱིས་མགོན་དེའི་བཀའ་དྲིན་རྗེས་དྲན་དོན་དང་ལྡན་པ་འབྱུང་ཐབས་སུ། རྒྱ་ཆེའི་མང་ཚོགས་ལ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཐུན་མོང་དང་། ཐུན་མིན་ངོ་མཚར་བའི་རྣམ་ཐར་དང་། རྗེ་རྒྱལ་བ་གཉིས་པའི་གསུང་གི་ལེགས་བཤད་བདུད་རྩི་ཁག་ངོ་སྤྲོད་ཀྱི་ལས་རིམ་རྒྱ་གང་ཆེ་སྤེལ་གནད་ཅིས་ཀྱང་ཡོང་བར་འབོད་སྐུལ་ཞུས་གནང་སོང་།

འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་དེའི་འབྲེལ་གྱི་གསལ་བསྒྲགས་གནང་བ་གཤམ་གསལ་དུ་གཟིགས་པར་འཚལ།

༄༅། ། མཁྱེན་སྤྱན་མཚུངས་ཟླ་བྲལ་ཞིང་། ནམ་ཡང་དད་དམ་གཡོ་མེད་མཆོག་ཏུ་བཀུར་འོས་རྒྱ་ཆེའི་མི་མང་ཡོངས་ཀྱི་སྙན་གྱི་དབང་པོའི་དྲུང་དུ།

གལ་ཆེའི་གསལ་བསྒྲགས་ཞུ་དོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་མཉམ་མེད་འཇམ་མགོན་ཙོང་ཁ་པ་ཆེན་པོ་མཆོག་ནི་ས་མཐོའི་བོད་ལྗོངས་མཐོ་སྒང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་མ་ཧ་པཎ་ཌི་ཏ་ཆེན་པོ་མཚན་སྙན་གྱི་གྲགས་པའི་དར་ཆེན་ཕྱོགས་བརྒྱར་གཡོ་ཞིང་། མདོ་སྔགས་ཚང་ལ་མ་ནོར་བའི་ཐུན་མིན་གཞེད་སྲོལ་བཟང་པོས་ཕྱོགས་བཅུར་ཁྱབ་པའི་བསྟན་འཛིན་ཁྱད་འཕགས་ས་ཆེན་པོའི་རྒྱན་མཆོག་ཏུ་གྱུར་པ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་ཡིན།

སྐྱེས་མཆོག་པཎ་ཌི་ཏ་ཆེན་པོ་དེ་ཉིད་ཀྱིས་སྲོལ་བཏོད་པའི་ཚང་ལ་མ་ནོར་བའི་དགེ་ལྡན་ལུགས་བཟང་འདི་ཉིད་ནི། ཐོག་མར་བོད་དབུས་ཕྱོགས་ནས་རིམ་གྱིས་དར་ཁྱབ་ཀྱིས། བོད་ཡུལ་མདོ་དབུས་ཁམས་གསུམ་ཙམ་དུ་མ་ཟད། དེང་འཛམ་གླིང་མཐའ་དབུས་ཀུན་ཏུ་གཟུར་གནས་སྐྱེ་བོ་གྲངས་ལས་འདས་བའི་ཡིད་ཀྱི་རྨོངས་མུན་སེལ་ཞིང་། སེམས་ཀྱི་དཀའ་སྡུག་གི་གདུང་བ་སེལ་བྱེད་དང་། བླ་ན་མེད་པའི་ཕན་བདེ་འཛད་མེད་དུ་སྩོལ་བཞིན་པའི་སྨན་མཆོག་དཀར་པོ་ཆིག་ཐུབ་ཀྱི་ཚུལ་དུ་གནས་བཞིན་པ་ཡིན།

དེ་མཚུངས་དཔལ་མཉམ་མེད་རི་བོ་དགེ་ལྡན་བ་སྤྱིའི་སྒྲིག་འཛུགས་གལ་ཆེ་ཤོས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་འདི་ཡང་། ཐོག་མར་སྤྱི་ལོའི་དུས་རབས་ཉེར་གཅིག་པའི་མགོར་མཁྱེན་རླབས་མཚུངས་ཟླ་བྲལ་ཞིང་། བསྟན་འགྲོ་སྤྱི་ལ་ལྷག་བསམ་དུང་ལས་དཀར་བའི་རི་བོ་དགེ་ལྡན་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་གང་མང་ཞིག་བཞུགས་སྒར་རྡ་རམ་ས་ལར་དམིགས་བསལ་ལྷན་ཚོགས་བསྐྱངས་ཏེ། འགྲོ་བ་ཡོངས་ཀྱི་བདེ་དོན་ཆེན་དང་། ཕུགས་རྒྱང་རིང་པོའི་བསྟན་འགྲོའི་བདེ་དོན་གལ་ཆེན་མང་པོའི་སླད་དུ་བཙུགས་གནང་བ་ཞིག་ཡིན་ཞིང་། ཁོང་རྣམ་པའི་རླབས་ཆེན་ཐུགས་རེ་ལྟར་འབྱུང་འགྱུར་ཡང་ལྷན་ཚོགས་ཀྱིས་རང་འཁྲིའི་ལས་དོན་བསྒྲུབ་བྱ་ཅི་མཆིས་འཐུས་ཚང་བསྒྲུབ་རྒྱུ་སྨོས་མེད་ལྟར་དང་།

སྐབས་དོན་གཙོ་བོ་ནི། ཡབ་རྗེ་ཁམས་གསུལ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་གཞན་དོན་དུ་སྐུ་གཤེགས་ཏེ། དེང་བོད་རབ་གནས་ས་ཕག་ལོ་སྟེ། ཕྱི་ལོ་༢༠༡༩་ལོར་ལོ་ངོ་༦༠༠་ཧྲིལ་པོ་འཁོར་བའི་སྐབས་འདིར། ཡབ་རྗེ་རྒྱལ་བ་གཉིས་བ་ཁོང་ལ་བཀའ་དྲིན་རྗེས་དྲན་དང་། སླད་མར་ཡང་ཁོང་གི་རླབས་ཆེན་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཕྱིར་དང་། ཁོང་ལ་རང་ཅག་ཀུན་གྱིས་སྒྲུབ་པའི་མཆོད་སྤྲིན་ཕུལ་བྱུང་རྒྱ་ཆེན་འབུལ་སླད་དུ། ཕྱི་ལོ་༢༠༡༩་ལོ་སྟེ། བོད་རབ་གནས་ས་མོ་ཕག་གི་ལོ་ཧྲིལ་པོ་༼རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ༽ ་༼International year of Tsongkhapa༽་ཞེས་སྲུང་བརྩི་ཞུ་རྒྱུར་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པའི་དགོངས་དོན་ལྟར། འཛམ་གླིང་མཐའ་དབུས་གང་སར་ཡོད་པའི་དགེ་ལྡན་པའི་དགོན་སྡེའམ། ཆོས་ཚོགས། བཤད་གྲྭ་དང་། སྐྱེ་བོ་སྒེར་སོགས། མདོར་ན་འཇམ་མགོན་ཙོང་ཁ་པ་ཆེན་པོའི་ཟབ་རྒྱས་གསུང་གི་བདུད་རྩིའི་རོ་བཅུད་མྱང་དང་། མྱོང་བཞིན་པའི་དཔྱོད་ལྡན་གཟུར་གནས་ཡོངས་ཀྱིས་མགོན་དེའི་བཀའ་དྲིན་རྗེས་དྲན་དོན་དང་ལྡན་པ་འབྱུང་ཐབས་སུ། རྒྱ་ཆེའི་མང་ཚོགས་ལ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཐུན་མོང་དང་། ཐུན་མིན་ངོ་མཚར་བའི་རྣམ་ཐར་དང་། རྗེ་རྒྱལ་བ་གཉིས་པའི་གསུང་གི་ལེགས་བཤད་བདུད་རྩི་ཁག་ངོ་སྤྲོད་ཀྱི་ལས་རིམ་རྒྱ་གང་ཆེ་སྤེལ་གནད་ཅིས་ཀྱང་ཡོང་བར་ཞུ།

ཞེས་ཕྱི་ལོ་༢༠༡༨་ཟླ་༡༢་ཚེས་༣༠་ཉིན་གནས་མཆོག་རྡོ་རྗེ་གདན་གྱི་གཟི་བྱིན་ཕྱོགས་བརྒྱར་འཕྲོ་བཞིན་པའི་བྱང་ཆུབ་ཆེན་པོའི་མཆོད་བརྟེན་གྱི་ཉེ་འདབ་ནས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཚོགས་གཙོ་དགའ་ལྡན་ཁྲི་ཐོག་༡༠༤་པ། ཁྲི་བློ་བཟང་བསྟན་འཛིན་གྱིས་གཅིག་ཏུ་དཀར་བའི་ལྷག་བསམ་དང་། དགའ་སྤྲོ། ཡིད་སྨོན་ཤུགས་དྲག་བཅས་ཏེ་སྤེལ་བ་དགེའོ།། །།

༢༠༡༩ལོར་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལ་སྲུང་བརྩིའི་ལས་རིམ་ད་བར་གཏན་ཁེལ་ཟིན་པ་ཁག་ནི་དབུ་མ་སྙིང་པོ་སོགས་ཀྱི་བགྲོ་གླེང་། དམིགས་བརྩེ་མ་ས་ཡ་༦༠༠་གྲངས་གསོག་ལས་རིམ། རྗེ་ཙོང་ཁ་པའི་སྣང་བརྙན་༡༠༠༠་དང་སྟོན་པའི་སྣང་བརྙན་༡༠༠༠་། ཡབ་སྲས་གསུམ་གྱི་གསུང་འབུམ་དེབ་དཔར་སྐྲུན། དཔྱད་རྩོམ་དང་སྙན་རྩོམ་འགྲན་བསྡུར་ལས་རིམ། བློ་རྒྱུགས་འགྲན་བསྡུར་ལས་རིམ། ཧོང་ཀོང་དུ་གསུང་ཆོས་ཀྱི་མཛད་རིམ། མ་ལེ་ཤི་ཡར་གསུང་ཆོས་ཀྱི་མཛད་རིམ། སྨོན་ལམ་འཕར་མའི་མཛད་རིམ། དམིགས་བསལ་བགྲོ་གླེང་གི་ལས་རིམ་བཅས་ཡིན་འདུག