25
Thu, Apr

༢༠༡༨ལོའི་ཟླ་༡༠ཚེས་༢༢ཉིན་རྒྱ་རིགས་ལས་དོན་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་རིགས་ཀྱི་ལོ་རྒྱུས་མཁས་པ་སྐུ་ཞབས་ཏིང་ཡེ་ཧྥོ་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྡུར་ནས་བལྟས་ཚེ་ཧ་ཅང་གནད་འགག་རང་བཞིན་གྱི་སྲིད་བྱུས་ཤིག་དང་། རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་གནང་འོས་པའི་དོན་སྙིང་ལྡན་པའི་སྲིད་བྱུས་ཤིག་ཆགས་ཡོད་སྟབས། བོད་མི་ཚོས་མུ་མཐུད་ནས་དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་གནང་རྒྱུ་དེ་གལ་ཆེན་ཡིན་པའི་སྐོར་གསུང་འདུག

དེ་ཡང་༢༠༡༨ལོའི་ཟླ་༡༠ཚེས་༢༢ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག་རྒྱ་རིགས་ལས་དོན་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཚོགས་འདུ་ཐེངས་དྲུག་པ་དེ་ཟླ་ ༡༠ ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་དབུ་འཛུགས་གནང་བའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་རྣམ་པ་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མི་འདྲ་བ་ ༡༢ ནས་ཕེབས་པའི་ཚོགས་མི་དང་ཁྱོན་ཚོགས་ཞུགས་མི་སྣ་ ༤༨ འཛུལ་ཞུགས་གནང་བའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། རྒྱ་རིགས་འབྲེལ་མཐུད་པ་གཅིག་པུ་ཙམ་མིན་པར་རང་རིགས་གཞོན་སྐྱེས་དང་། རབ་བྱུང་ན་རྒྱ་སྐད་ཤེས་མཁན་དང་། རྒྱ་ནག་ཐད་གོ་རྟོགས་ཡོད་མཁན་རྣམས་དང་ལྷན་དུ་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནང་རྟེན་གཞི་བྱས་པའི་རྒྱ་རིགས་མང་པོ་ཞིག་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད་སྟབས་འདིར་ཚོགས་འདུ་གོ་སྒྲིག་བྱས་པ་ཞིག་རེད་ཅེས་དང་།

སྔ་ལོར་མཚོན་ན་རྒྱ་སྐད་ཤེས་མཁན་རྣམས་ལྷན་འཛོམས་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད། གཞི་རྩའི་དེ་རིང་འདིར་རྒྱ་གར་གྱིས་གཙོས་པས་རྒྱལ་ཁབ་ ༡༢ ནས་ཚོགས་བཅར་བ་སླེབས་འདུག འོན་ཀྱང་ཚོགས་བཅར་བའི་གྲངས་ཀ་ད་དུང་ལོང་མི་འདུག ཚོགས་འདུ་འདི་ང་ཚོས་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་བརྗོད་ན། བོད་མི་ས་ཡ་དྲུག་ཡོད། རྒྱ་རིགས་ཐེར་འབུམ་གཅིག་དང་། ས་ཡ་ཉིས་བརྒྱ་ཡོད། བརྒྱ་ཆར་བརྩིས་པ་ཡིན་ན་བརྒྱ་ཆ་ཕྱེད་ཀ་ལས་མེད། མདོར་ན་བོད་མི་རེ་རེར་རྒྱ་མི་ ༩༩ ལྷག་ཡོད། དེང་སྐབས་འཛམ་གླིང་སྟེང་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་རྒྱ་ནག་སྐོར་ལའང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། གནས་སྟངས་དེ་འདྲའི་ཁྲོད་རྒྱ་སྐད་ཤེས་མཁན་ཚོས་བརྒྱུད་ལམ་ཁག་ཏུ་དུས་ཐོག་ཐུགས་སྣང་གནང་སྟེ་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་ཞུ་གལ་ཡིན་པའི་གསུང་བཤད་གནང་འདུག

གཞན་ཡང་རྒྱ་ནག་གཞུང་གི་སྲིད་བྱུས་རྒྱུད་གཅིག་ལམ་གཅིག་དེ་ཉིད་༢༠༠༩ དང་༢༠༡༠ ལོ་ནས་སྲིད་བྱུས་འདི་སླེབས་ཡོད་སྐོར་། དེ་བཞིན་སྲིད་བྱུས་དེར་ཤར་ཡུ་རོབ་རྒྱལ་ཁབ་ཧང་གེ་རི་ཕུད་ཡུ་རོབ་རྒྱལ་ཁབ་ ༢༧ གྱིས་སྐྱོན་བརྗོད་བྱེད་ཡོད་པ་དང་། ང་ཚོའི་ངོས་ནས་གནད་དོན་དེ་རིགས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གང་མང་སྤེལ་དགོས་པ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱ་རིགས་ཀྱི་ལོ་རྒྱུས་ཆེད་མཁས་པ་སྐུ་ཞབས་ཏིང་ཡེ་ཧྤོ(Ding Yifu) ལགས་ཀྱིས་རྒྱ་ནག་གི་དངོས་ཡོད་གནས་སྟངས་དང་བོད་ཀྱི་མདུན་དུ་འཕྲད་པའི་འགྲན་སློང་དང་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། བོད་དོན་ནི་བོད་ཁོ་ནའི་གནད་དོན་ཞིག་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཆགས་ཡོད་པ་དང་། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྡུར་ནས་བལྟ་ཚེ་ཧ་ཅང་གནད་འགག་རང་བཞིན་གྱི་སྲིད་བྱུས་ཤིག་དང་། རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་གནང་འོས་པའི་དོན་སྙིང་ལྡན་པའི་སྲིད་བྱུས་ཤིག་ཆགས་ཡོད་སྟབས། བོད་མི་ཚོས་མུ་མཐུད་ནས་དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་གནང་རྒྱུ་དེ་གལ་ཆེན་ཡིན་པ་དང་། རྒྱ་ནག་ལ་ཆ་མཚོན་ནའང་ཕྱི་ལོག་ནས་བལྟ་ཚེ་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ནའང་དོན་དུ་སྤྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་ནི་སྤྱི་ཚོགས་ཀྱི་དབུལ་ཕྱུག་ཆ་མི་སྙམ་པ། འཛུགས་སྐྲུན་ཐོན་སྐྱེལ་གྱི་ཐོན་ཁུངས་མེད་པ། ཁོར་ཡུག་ཉམས་ཉེས་འགྲོ་བ། དེ་བཞིན་སྤྱི་ཚོགས་ཀྱི་བཟང་སྤྱོད་ཚད་མདའ་པོར་སླེབས་པ་སོགས་ཀྱི་ནང་ཁུལ་གྱི་གནོད་ཤུགས་མང་པོ་ཞིག་ཡོད་པས་སྔ་རྗེས་ཙམ་མ་གཏོགས་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་པར་བརྟེན་བོད་པ་ཚོའི་ངོས་ནས་དུས་འགྱུར་དང་བསྟུན་ནས་གོམ་པ་རྒྱག་ཐུབ་པའི་གྲ་སྒྲིག་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུང་བཤད་གནང་འདུག

ཚོགས་འདུ་འདིའི་ནང་བོད་རྒྱའི་བར་ལོ་རྒྱུས་ཀྱི་འབྲེལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་། རྒྱ་མི་རིགས་ལ་འབྲེལ་ལམ་བྱེད་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས། བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར། ཡིག་ངག་གཉིས་ཀྱི་ཐོག་ནས་འབྲེལ་ལམ་དང་ཞུ་གཏུག་ནུས་རྩལ་གོང་སྤེལ། རྒྱ་མི་རིགས་དང་འབྲེལ་ལམ་གོང་སྤེལ་གཏོང་ཕྱོགས་ཀྱི་ཐབས་བྱུས་དང་ལས་འཆར་གོ་རིམ་སྒྲིག་ཕྱོགས་ཅེས་ཀྱི་བརྗོད་གཞིའི་ཐོག་གོ་རྟོགས་སྤེལ་རྒྱུ་ཡིན་འདུག།