25
Thu, Apr

༢༠༡༨ལོའི་ཟླ་༡༠་ཚེས་༢༠ཉིན་༸གོང་ས་མཆོག་གིས་བལ་ཡུལ་ནས་ཕེབས་པའི་དགེ་སློབ་ལ་བཀའ་སློབ་སྩོལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠་ཚེས་༢༢ཉིན་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་སློབ་མ་ ༥༨ ཙམ་དང་དགེ་རྒན་ཁག་ཅིག་བཅས་ལ་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་དང་། བོད་པའི་མི་རབས་མང་པོ་ནས་བརྒྱུད་པའི་ཕ་མེས་ཀྱི་ཆོས་དེ་རྒྱུན་འཛིན་གནང་བར་བོད་མི་སྤྱི་དང་ཡང་སྒོས་སུ་གཞོན་སྐྱེས་ཚོར་འགན་ཡོད་པར་བཀའ་བསླབ་བསྩལ་འདུག

དེ་ཡང་ཟླ་༡༠་ཚེས་༢༠་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་བལ་ཡུལ་ནས་ཆེད་ཕེབས་པའི་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༥༨ ཙམ་དང་དགེ་རྒན་བཅས་པར་དམིགས་བསལ་མཇལ་ཁ་གནང་ནས་བཀའ་སློབ་བསྩལ་ཡོད་པ་རེད།

སྐབས་དེར་༸གོང་མཆོག་གིས་སངས་རྒྱས་པའི་ཆོས་དེར་དོ་སྣང་ཆེ་རུ་འགྲོ་བཞིན་པ་དང་ལྷག་པར་དུ་བོད་ནང་ཡོད་བསྡད་པའི་ནང་པའི་ཆོས་འདི་ནི། དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཀྱི་ཆོས་ལུགས་ཤིག་དང་། ཚན་རིག་དང་མཐུན་པའི་ཆོས་ཆགས་ཡོད་པ་དང་། ནང་པའི་ཆོས་ལྷག་པ་དུ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ནི་ཆོས་ལུགས་རིག་པས་དཔྱད་ནས་བརྟག་པ་མ་གཏོགས་སངས་རྒྱས་ཀྱི་ཆོས་རེད་ཟེར་ནས་དད་པ་གཅིག་པོ་མིན་པར་རིག་པས་བརྟག་དཔྱད་བྱེད་དགོས། བརྟག་དཔྱད་བྱས་ནས་རིག་པ་དང་འགལ་གྱི་ཡོད་ན་ང་ཚོས་ཁས་ལེན་བྱེད་གྱི་མེད། དེ་འདྲའི་ཆོས་ལུགས་འཛམ་གླིང་སྒང་སུའང་མེད་བཅས་དང་། སངས་རྒྱས་ཀྱིས་རང་ཉིད་ཀྱི་གསུངས་པའི་ཆོས་དེར་བརྟག་དཔྱད་བྱེད་གནང་དགོས་གསུང་མཁན་ནི་སངས་རྒྱས་གཅིག་པོ་རེད། དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ནི་ཆོས་ལུགས་རྒྱུད་འཛིན་ལེགས་པོ་ཡོད་པ་རྣམས་བོད་པས་རྒྱ་གར་མཁས་པ་དེ་ཚོ་ལས་སྦྱངས་བ་དང་འགྲེལ་བཤད། ཚད་མ་རིག་པའི་གཞུང་ལ་བརྟེན་ནས་རྩོད་པ་རྒྱག་པ་ཡང་བོད་པ་གཅིག་པོ་རེད། དེ་བརྟེན་བོད་པའི་མི་རབས་མང་པོ་ནས་བརྒྱུད་པའི་ཕ་མེས་ཀྱི་ཆོས་དེ་རྒྱུན་འཛིན་གནང་བར་བོད་མི་སྤྱི་དང་ཡང་སྒོས་སུ་ཧི་མ་ལའི་གཞོན་སྐྱེས་ཚོར་འགན་ཡོད་པར་བཀའ་བསླབ་བསྩལ་འདུག

ཡང་༸གོང་ས་མཆོག་གིས་བཙན་བྱོལ་དུ་འབྱོར་རྗེས་བཙུན་མ་རྣམས་ནས་སྔར་ལམ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་སླད་གཞུང་ཆེན་བཀའ་པོད་དག་ལ་བསླབ་པ་སློབ་གཉེར་དབུ་འཛུགས་དང་ད་ཆ་དགེ་བཤེས་མ་ཐོན་མཁན་བྱུང་ཡོད་པ་དེ་དག་ལས་མིག་དཔེ་བླངས་ཏེ་ཁྱིམ་པ་ཕོ་མོ་ཚོས་ཀྱང་རིམ་བཞིན་རིགས་ལམ་གཙོ་བོར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔའི་ཐོག་སློབ་གཉེར་མཐིལ་ཕྱིན་གནང་ནས་ཤེས་ཐོག་གཞན་ལ་འགྲེལ་བརྗོད་གནང་ཐུབ་དགོས་གལ་ཡིན་པར་བཀའ་སློབ་ལམ་སྟོན་གནང་འདུག

ད་ལྟའི་དུས་སྐབས་འདིར་སློབ་ཕྲུག་རྣམས་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་ལྡན་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་ནེཧ་རུ་མཆོག་གིས་ཀྱང་མགོན་པོ་མཆོག་ལ་བོད་དོན་རྩ་བརླག་མི་འགྲོ་བའི་ཐབས་ལམ་ཡག་ཤོས་དེ་བོད་རིགས་གཞོན་སྐྱེས་ཚོར་གནའ་དེང་གཉིས་ཀྱི་ཤེས་ཡོན་སྤྲོད་དགོས་པའི་དགོངས་འཆར་ཕུལ་མྱོང་ཡོད་པ་བཞིན། བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། སྐད་ཡིག་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་བོད་མིའི་གཞིས་ཆགས་ཁག་འཛུགས་སྐྲུན་དང་ལྷག་དོན་བོད་རིགས་གཞོན་སྐྱེས་རྣམས་ལ་སྲོལ་རྒྱུན་གཙོ་བཟུང་ཐོག་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུའི་སླད་རྒྱ་གར་གཞུང་གི་རོགས་རམ་འོག་བཙན་བྱོལ་བོད་མིའི་གཞིས་རིམ་གཏན་སློབ་མང་དག་གསར་འཛུགས་གནང་ཡོད་པ་བཅས་བཀའ་བསྩལ་ཟབ་མོ་གནང་འདུག