24
Wed, Apr

༢༠༡༨ལོའི་ཟླ་༩་ཚེས་༡༠ ཉིན་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ལ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་ཡོད་པ་རེད།།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༩ཚེས་༢༨ཉིན་གྱི་ཆུ་ཚོད་༩ ཙམ་དུ་ནོར་བུ་གསུམ་གྱི་ཡ་གྱལ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་ཨེ་ཊ་ལི་ཡི་གདན་ས་མེ་རི་སྒར་དུ་སྐུ་གཤེགས་ཡོད་འདུག་པ་དང་། ཟླ་༩ཚེས་༢༩ཉིན་བཙན་བྱོལ་བོད་གཞུང་གི་ཆོས་རིག་ལས་ཁུངས་ནས་ཐུགས་གསོ་ཕྱག་འཕྲིན་སྤེལ་གནང་འདུག

དེ་ཡང་མཁས་དབང་ནམ་མཁའི་ནོར་བུ་མཆོག་ནི་ཕྱི་ལོ་ ༡༩༣༨ ཟླ་ ༡༢ ཚེས་ ༨ ཉིན་སྡེ་དགེ་ལྕང་རྭའི་ཕྱོགས་སུ་སྐུ་འཁྲུངས་ཡོད་པ་དང་། དགུང་ལོ་གསུམ་སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགུང་ལོ་༨ ཀྱི་ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། ༧རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། སྐུ་ན་ཆུང་དུས་སྡེ་དགེ་དགོན་ཆེན་དུ་བཞུགས་ཏེ་རིས་མེད་ཀྱི་གདམས་པ་མང་པོར་གསན་བསམ་གནང་། ཕྱི་ལོ་ ༡༩༥༤ ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་མཛད། ཕྱིས་སུ་ཉག་བླ་བྱང་ཆུབ་རྡོ་རྗེར་མཇལ་ཞིང་ཉག་བླའི་སྒར་དུ་རྩ་བའི་བླ་མའི་སྨན་གཡོག་གནང་ཞོར་རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་གདམས་པ་ཆ་ཚང་ཞུས། ཕྱི་ལོ་ ༡༩༥༧ ལོར་འབྲས་ལྗོངས་སུ་ཕེབས་ནས་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ཕྱི་ལོ་ ༡༩༦༠ ལོར་ཨི་ཊ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཏེ་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༡ ལོར་ན་པུ་ལེ་སི་རུ་རྫོགས་པ་ཆེན་པོའི་ ༼རིག་གནས་མཐུན་ཚོགས། ༽ཞེས་པ་གསར་འཛུགས་དང་། ཕྱི་ལོ་ ༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་༼ཞང་ཞུང་དཔེ་སྐྲུན་ཁང་།༽༽༽༽དང་། ཕྱི་ལོ་ ༡༩༨༩ ལོར་ ༼རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་། ༽ཞེས་པ་བཅས་སྔ་གཞུག་ཏུ་གསར་འཛུགས་གནང་། གཞན་ཡང་། ཁོང་གིས་ཨི་ཊ་ལི་དང་ཨ་རི། ཡུ་རོབ་སོགས་ཀྱི་ནང་མེ་རིའི་ཕོ་བྲང་དང་ཀུན་བཟང་ཕོ་བྲང་སོགས་རྫོགས་པ་ཆེན་པོའི་ཚོགས་ཀྱི་མཐུན་ཚོགས་ཆེན་པོ་ ༦ ནང་དུ། འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༠ བརྒལ་བའི་དད་ལྡན་དོན་གཉེར་ཅན་གྱི་སློབ་ཕྲུག་རྣམས་ལ་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བ་དང་། ཞང་བོད་རིག་གནས་ནུབ་ཕྱོགས་སུ་དར་བར་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད་འདུག མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་<<བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ>>་དང་། <<བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ>>། <<རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར>><<ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།>> བརྩམས་ཆོས་ཧ་ཅང་མང་པོ་ཡོད་པའི་ནང་ནས་སྐད་གྲགས་ཆེ་ཤོས་ནི། ཕྱི་ལོ་༡༩༩༦ ལོར་པར་སྐྲུན་གནང་བའི་<<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>> ཞེས་པ་དེ་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་སྐད་ཡིག་མི་འདྲ་བ་བཅུ་ལྷག་གི་ནང་བསྒྱུར་ཟིན་ཡོད་འདུག ༢༠༡༨ལོའི་ཟླ་༩་ཚེས་༡༠ ཉིན་ཁོང་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་ཡོད་པ་རེད།།

བཙན་བྱོལ་བོད་གཞུང་གི་ཆོས་རིག་ལས་ཁུང་གིས་ཐུགས་གསོའི་ཕྱག་འཕྲིན་ཕུལ་ཡོད་པ་གཤམ་གསལ།

༄༅། །མཚུངས་མེད་ཨི་ཊ་ལི་རྒྱལ་སྤྱིའི་རྫོགས་ཆེན་ཚོགས་པའི་དབུ་ལས་དང་སློབ་འབངས་ལྷན་རྒྱས་ལ། ཆེད་དོན། ད་ཉིན་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན། རྫོགས་ཆེན་བསྟན་པའི་སྣང་བྱེད་ཆེན་པོ་༸སྐྱབས་རྗེ་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༧ དགོང་དྲོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་འདུག་པར། འདི་ག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་འགོ་ལས་ཚང་མས་མྱ་ངན་གུས་བཏུད་དང་སྦྲགས། ༸སྐྱབས་རྗེ་དམ་པ་དེའི་སྐུ་ཉེ་འབྲེལ་ལྟོས་དང་། ཕྱི་ནང་སློབ་འབངས་ཡོངས་ལ་ཐུགས་གསོ་གཏིང་ཟབ་ཞུ་རྒྱུ་ཡིན། ༸སྐྱབས་རྗེ་དམ་པ་དེས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་བཟང་ཇི་བསྐྱངས་རྣམས་ལ་བཀྲིན་རྗེས་དྲན་ཞུས་པའི་སྒོ་ནས་༸སྐྱབས་རྗེ་དམ་པ་གང་དེའི་ཐུགས་དགོངས་ཟབ་མོ་ཇི་ཡོད་རྣམས་གེགས་མེད་ལྷུན་གྲུབ་ཡོང་བ་དང་། སླར་ཡང་བོད་ཀྱི་བསྟན་འགྲོའི་དོན་དུ་ཡང་སྤྲུལ་ཟླ་གསར་མྱུར་དུ་བྱོན་ཏེ་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཆོས་རིག་བཀའ་བློན་མིང་འཛིན་པས། ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་༢༩ ལ།