16
Tue, Apr

༢༠༡༨ལོའི་ཟླ་༩ཚེས་༡༢ཉིན་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པ་དབུ་འབྱེད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ནས་རྒྱ་གར་ལ་ཕེབས་མཁན་ཉུང་དུ་ཕྱིན་པར་བརྟེན་སྣེ་ལེན་ཁང་དེ་བཞིན་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པར་བསྒྱུར་པ་རེད། བོད་ནང་གི་གནས་སྟངས་དེ་ཡག་ཏུ་ཕྱིན་ནས་རྒྱ་གར་ལ་ཕེབས་མཁན་ཉུང་དུ་ཕྱིན་པ་མ་རེད། ༢༠༠༨ ལོའི་རྗེས་ལ་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་པར་བརྟེན། བལ་ཡུལ་གྱི་ས་མཚམས་ཁག་ལ་དམ་བསྒྲགས་ཤུགས་ཆེ་རུ་སོང་བའི་རྐྱེན་གྱིས་བོད་ནས་རྒྱ་གར་ལ་ཕེབས་མཁན་ཉུང་དུ་ཕྱིན་པ་རེད། བོད་ནང་གི་གནས་སྟངས་ད་ལྟའང་ཛ་དྲག་གི་ངང་མུ་མཐུད་གནས་ཡོད།

དེ་ཡང་༢༠༡༨ལོའི་ཟླ་༩ ཚེས་ ༡༢ ཉིན། བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཆགས་ཡོད་པའི་དབུས་བོད་ཀྱི་སྣེ་ལེན་ཁང་དུ། གཞུང་འབྲེལ་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་(Administrative Training and Welfare Society)ཐོན་མི་ཚོགས་ཁང་ཞེས་པ་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན། རྡ་ས་དབུས་སྨན་རྩིས་ཁང་གི་འགན་འཛིན། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། ནོར་གླིང་འགན་འཛིན། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན། རྡ་ས་ས་གནས་འགོ་འཛིན། འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས། དེ་བཞིན་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ལས་བྱེད་སོགས་མི་གྲངས་ ༥༠ ལྷག་ཕེབས་འདུག དེ་ནས་མཛད་སྒོའི་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཁང་གསར་པ་དབུ་འབྱེད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྲེལ་མཇའ་དར་སྒྲོན་འབུལ་ཞུས།

དེ་རྗེས་ཚོགས་པའི་ཚོགས་གཙོ་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས། ལས་ཁུངས་ཁག་དང་ཚོགས་པ་ཁག་གིས་གཞུང་འབྲེལ་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པ་འདི་བཞིན་ཡར་རྒྱས་ཡོང་ཆེད་མཐུན་འགྱུར་རོགས་རམ་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགོ་མཇུག་བར་གསུམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། ཚོགས་ཁང་གསར་པ་ཡག་ཐག་ཆོད་བརྒྱབ་ཐུབ་ཡོད་པ་མ་ཟད། ཟབ་སྦྱོང་གནང་མཁན་ཚོ་ལའང་ཁྲུས་ཁང་དང་བཅས་པ་ནང་ལ་ཡོད་པའི་ཁང་པ་ཟུར་དུ་བརྒྱབ་ཡོད། འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པ་འདི་བཞིན་རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་ཐུབ་ཡོད། བོད་ནས་རྒྱ་གར་ལ་ཕེབས་མཁན་ཉུང་དུ་ཕྱིན་པར་བརྟེན་སྣེ་ལེན་ཁང་དེ་བཞིན་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པར་བསྒྱུར་པ་རེད། བོད་ནང་གི་གནས་སྟངས་དེ་ཡག་ཏུ་ཕྱིན་ནས་རྒྱ་གར་ལ་ཕེབས་མཁན་ཉུང་དུ་ཕྱིན་པ་མ་རེད། ༢༠༠༨ ལོའི་རྗེས་ལ་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་པར་བརྟེན། བལ་ཡུལ་གྱི་ས་མཚམས་ཁག་ལ་དམ་བསྒྲགས་ཤུགས་ཆེ་རུ་སོང་བའི་རྐྱེན་གྱིས་བོད་ནས་རྒྱ་གར་ལ་ཕེབས་མཁན་ཉུང་དུ་ཕྱིན་པ་རེད། བོད་ནང་གི་གནས་སྟངས་ད་ལྟའང་ཛ་དྲག་གི་ངང་མུ་མཐུད་གནས་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་ལྟ་བར་དུ་བོད་མི་ ༡༥༢ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དེས་བོད་ནང་ད་ལྟ་ཡིན་ནའང་ཛ་དྲག་གི་ངང་གནས་ཡོད་པ་སྟོན་གྱི་ཡོད། བོད་ནང་གི་བོད་མི་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒོ་ནས་བོད་ཀྱི་རྩ་དོན་རྩོད་དང་རྩོད་མུས་རེད། དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་དེ་ད་ལྟ་ཡུ་གུར་གྱི་དྲུང་ཆེ་རེད། ཁོང་གིས་དེ་སྔ་བོད་ནང་དམ་བསྒྲགས་ཤུགས་ཆེན་པོ་བྱས་པ་ནང་བཞིན་ད་ལྟ་ཡུ་གུར་ནང་དེ་ལྟར་དམ་བསྒྲགས་བྱེད་བཞིན་ཡོད། བོད་ནང་གི་གནས་སྟངས་ད་ལྟ་ཛ་དྲག་ངང་གནས་བཞིན་ཡོད། བོད་ནང་གི་བོད་མི་ཚོའི་མངོན་འདོད་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་ནང་རང་དབང་བསྐྱར་གསོ་བྱ་རྒྱུ་དེ་རེད། མཐའ་དོན་བོད་ནང་གི་བོད་མི་ཚོའི་མངོན་འདོད་འགྲུབ་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པར་ཤོག ཅེས་སོགས་ཀྱི་གསུང་བཤད་གནང་།