23
Tue, Apr

༢༠༡༨ལོའི་ཟླ་༩་ཚེས་༡༠་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་༣༤ འཁོར་བའི་དུས་ཆེན་སྲུང་བརྩི་གནང་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་༣༤ འཁོར་བའི་དུས་ཆེན་སྲུང་བརྩི་གནང་སྐབས། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བུད་མེད་ནི་ཆུང་ས་ནས་མི་རང་ཉིད་དང་ཁྱིམ་ཚང་། ཆེ་ས་ནས་མི་རིགས་ཀུན་ལ་ཧ་ཅང་གལ་ཆེ་ཞིང་། ཨ་མའི་བྱམས་དང་སྙིང་རྗེ་ནི་རང་ཉིད་དང་ཧ་ཅང་ཐག་ཉེ་ཞིང་རྩ་ཆེ་བ་ཞིག་ཡིན་པས། བོད་ཀྱི་བུད་མེད་རྣམས་ལ་ཆ་མཚོན་ནའང་། རང་གི་ཁྱིམ་ཚང་དང་རྒྱལ་ཁབ། བོད་ཀྱི་རྩ་དོན། སྐད་ཡིག་དང་ཡ་རབས་བཟང་སྤྱོད་བཅས་ལ་གལ་ཆེ་བར་མ་ཟད། དེའི་ཐད་ལ་སྔར་ལས་ཤུགས་རྒྱག་དགོས་པ་དང་། ཕན་ཡང་འདོགས་ཐུབ་ངེས་ཡིན་པའི་སྐོར་གསུངས་སོང་།

༢༠༡༨ལོའི་ཟླ་༩་ཚེས་༡༠ ཉིན། དྷ་ས་མེག་གྷན་ཁི་ལ་པི་གསོལ་མགྲོན་ཁང་(Club house)གི་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་སླར་གསོ་བྱུང་ནས་ལོ་ངོ་༣༤ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་ཤིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་བཅས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ཕེབས་ཡོད་པ་རེད།

དེ་ཡང་མཛས་སྒོའི་ཐོག་མར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་དང་། དྲུང་ཆེ་ཚེ་རིང་ཆོས་འཛོམས་གཉིས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་༣༤ འཁོར་བའི་དུས་ཆེན་སྲུང་བརྩིའི་བསྒྲགས་གཏམ་བོད་དབྱིན་གཉིས་ནང་སྒྲོག་སྦྱང་བྱས་ཤིང་། བསྒྲགས་གཏམ་དེ་རུ། བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཞིན་ཆེས་ཐོག་མ་ཕྱི་ལོ་༡༩༥༩ ཟླ་༣ ཚེས ༡༠ ཉིན་བོད་ནང་རང་དབང་སྒེར་ལངས་བྱུང་རྗེས་ཕྱི་ཚེས་ ༡༢ ཉིན་ཆབ་སྲིད་རང་བཞིན་ལྡན་པའི་ཚོགས་པའི་ངོ་བོའི་སྟེང་ནས་དབུགས་འཛུགས་ཞུས་པ་ཞིག་ཆགས་ཀྱི་ཡོད། དེ་བཞིན་བཙན་བྱོལ་ནང་ཕྱི་ལོ་༡༩༨༤ ཟླ་༩ ཚེས་༡༠་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཞིན་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་སླར་གསོ་གནང་ཡོད། ཅེས་གསུངས་པ་དང་། ད་དུང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་དང་ཤེས་ཡོན། འཕྲོད་བསྟེན། ཕོ་མོ་དབྱེ་འབྱེད་ཀྱི་གནད་དོན། དཔལ་འབྱོར་གོང་འཕེལ་སོགས་ཀྱི་ཐད་ནས། ལས་འགུལ་མང་པོ་སྤེལ་ཏེ་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་དང་ཡར་རྒྱས་འགྲོ་བའི་ཐད་ལ་འབད་རྩོལ་གནང་ཡོད་པ་དང་། གྲུབ་འབྲས་ཀྱང་སོན་ཡོད་སྐོར་གསུངས་སོང་།

བསྒྲགས་གཏམ་དེར་ད་དུང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འཛམ་གླིང་དབུ་ཁྲིད་རྣམས་ལ་ཞུ་འབོད་དོན་ཚན་གཉིས་ཀྱང་ཞུས་སོེང་། དེ་ཡང་། དང་པོ་ནི། དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ཐབས་ཇུས་གྲོས་མོལ་སླར་གསོ་ཡོང་བར་རྒྱ་ནག་གི་དབུ་ཁྲིད་རྣམས་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་དང་། གཉིས་པ་ནི། ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ལོ་ངོ་༢༣ ལྷག་གི་རིང་བཙན་ཁྲིད་བཀག་ཉར་བྱས་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་བར་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་ཞུ། བཅས་སོ།།

དེའི་རྗེས། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོས། བོད་ཀྱི་བུད་མེད་ལྷན་ཚོགས་ནི་གལ་ཆེན་དོན་ཆེན་ཆགས་ཀྱི་ཡོད་པའི་རྒྱུ་མཚན་ནི། ང་ཚོའི་རྒྱལ་ཁབ་དང་འབྲེལ་བའི་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་རེད། ཚོགས་པ་གཞན་པ་རྣམས་རྒྱལ་ཁབ་དང་འབྲེལ་བ་ཆགས་ཡོད་མ་རེད་ཟེར་ནས་ཞུ་ཡི་མེད། ཚོགས་པ་འདི་ནི་ཆོལ་ཁ་དང་ཆོས་ལུགས་རིས་མེད་ཀྱི་ཚོགས་པ་ཞིག་ཡིན་པ་དང་། དེ་ག་ནང་བཞིན། ཕྱི་ལོ ༡༩༥༦ ཟླ ༣ པའི་ཚེས ༡༢ ཉིན་ལ། བུད་མེད་བརྒྱ་ཕྲག་མང་པོས་མ་སྐུལ་དང་བླངས་དང་སྲོག་འབེན་དུ་བཞག་སྟེ། ལྷ་སའི་ཁྲོམ་ནས་ཡར་ལངས་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་དུས་ཆེན་འདི་དང་འབྲེལ་བའི་གསུང་བཤད་གནང་བར་མ་ཟད། ས་གནས་སོ་སོར་མཉམ་འབྲེལ་བྱས་ཏེ་བོད་ཀྱི་རྩ་དོན་ཐོག་སྔར་ལས་འབད་རྩོལ་གནང་དགོས་པ་དང་། ང་ཚོའི་འཐབ་རྩོད་ནི་ལྟོ་གོས་གཏམས་གསུམ་འཚོལ་བ་ཙམ་ཞིག་མིན་པའི་སྐོར་དང་། བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་། ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་སྐོར་བཅས་ཀྱང་གསུངས་སོང་།

དེ་ནས། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་ཕེབས་ནས་ཧ་ལམ་ལོ་ངོ་དྲུག་བཅུ་འགོར་བཞིན་ཡོད་པ་དང་། དུས་ཚོད་དེའི་རིང་ལ། ང་ཚོས་སེམས་གཏིང་ནས་དྲན་དགོས་པ་ཞིག་ནི། ༸སྤྱི་ནོར ༸གོང་ས་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་མཛད་པ་འཕྲིན་ལས། ཁྱད་པར་དུ་བོད་མི་རིགས་ལ་གཟིགས་པ་བླ་མེད་ཡིན་པའི་བཀའ་དྲིན་བསམ་ཤེས་ཤེས་པའི་ཐོག་ནས། དེ་ག་ནང་བཞིན་རྒྱ་གར་དབུས་དང་ས་གནས་གཞུང་གིས་ང་ཚོར་རོགས་རམ་མཐུན་འགྱུར་གནང་བ་དེ་ཚོའང་དྲན་གསོ་གཏོང་བར་མ་ཟད། ང་རང་ཚོའི་གནས་སྟངས་ལའང་ཡང་ཡང་དྲན་གསོ་གཏོང་དགོས་པ་ཆགས་ཀྱི་ཡོད་རེད། དེའི་འདྲའི་ཐོག་ནས། བོད་ཀྱི་བུད་མེད་ལྷན་ཚོགས་ལ་མཚོན་ན། ལོ་སུམ་ཅུ་སོ་བཞིའི་རིང་དུ། གོང་ནས་ཞུས་ཟིན་བཞིན། སྤྱི་ཚོགས་ཀྱི་བདེ་དོན་དང་། བུད་མེད་དང་འབྲེལ་བའི་ཤེས་ཡོན་དང་སློབ་གསོ། འཕྲོད་བསྟེན། མདོར་ན་ཕྱོགས་གང་ཅིའི་ཐད་ནས་སྤྱི་ཚོགས་ཀྱི་སྟོང་ཆ་མང་པོ་ཞིག་ཁ་སྐོང་བྱེད་པའི་ལས་དོན་མང་པོ་གནང་འདུག་ཅིང་། དེ་དག་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ཅེས་༸གོང་ས་མཆོག་དང་རྒྱ་གར་གཞུང་གི་བཀའ་དྲིན་དྲན་དགོས་པ་བརྗོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་གང་གནང་བ་ལ་དེ་ལྟར་བསྔགས་བརྗོད་གནང་།

དེ་ནས་ཁོང་གིས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་གལ་ཆེན་རང་བཞིན་གྱི་ཐད་ནས་བརྗོད་དོན། ཆབ་སྲིད་ཀྱི་གནས་བབ་ཀྱི་ཆ་ནས། གཞུང་གི་དབུ་ཁྲིད་རྣམས་འོས་བླུགས་ནས་ཡོང་གི་ཡོད་སྟབས། དེར་བུད་མེད་སླེབས་ཐུབ་ཀྱི་ཡོད་དང་མེད་ཀྱི་ཐོག་ནས། ང་ཚོའི་སྤྱི་ཚོགས་སུ་བུད་མེད་ཀྱི་ནུས་པ་དང་ཐོབ་ཐང་མེད་པ་ཞིག་ལ་ངོས་འཛིན་བྱེད་དཀའ་མོ་རེད། ཅེས་གསུངས་ཏེ། བུད་མེད་ནི། ཆུང་ས་ནས་མི་རང་ཉིད་དང་ཁྱིམ་ཚང་། ཆེ་ས་ནས་མི་རིགས་ཀུན་ལ་ཧ་ཅང་གལ་ཆེ་ཞིང་། ཨ་མའི་བྱམས་དང་སྙིང་རྗེ་ནི་རང་ཉིད་དང་ཧ་ཅང་ཐག་ཉེ་ཞིང་རྩ་ཆེ་བ་ཞིག་ཡིན་པས། བོད་ཀྱི་བུད་མེད་རྣམས་ལ་ཆ་མཚོན་ནའང་། རང་གི་ཁྱིམ་ཚང་དང་རྒྱལ་ཁབ། བོད་ཀྱི་རྩ་དོན། སྐད་ཡིག་དང་ཡ་རབས་བཟང་སྤྱོད་བཅས་ལ་གལ་ཆེ་བར་མ་ཟད། དེའི་ཐད་ལ་སྔར་ལས་ཤུགས་རྒྱག་དགོས་པ་དང་། ཕན་ཡང་འདོགས་ཐུབ་ངེས་ཡིན་པའི་སྐོར་ཡང་གསུངས་སོང་།

དེ་ནས་མཛད་སྒོའི་མཇུག་ཏུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ།