10
Tue, Dec

༢༠༡༨ལོའི་ཟླ་༩ཚེས་༣ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ༸གོང་ས་མཆོག་བརྟན་བཞུགས་སྐབས་འབུལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

ཁྱོད་རང་ཚོ་ཚང་མས་དམ་ཚིག་གོང་བུ་གཅིག་གྱུར་གྱི་ཐོག་ནས་བརྟན་བཞུགས་ཕུལ་ཏེ། རེ་བ་བརྒྱབ་པ་ནང་བཞིན་ངོས་ཀྱི་ངོས་ནས་ཡིན་ནའང་ལོ་བརྒྱ་སྐོར་ལ་སྡོད་ཐུབ་རྒྱུ་ཕལ་ཆེར་ཡོང་ཐུབ་པ་ཞིག་རེད། དེ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཞེས་༸གོང་ས་མཆོག་གིས་བརྟན་བཞུགས་སྐབས་གསུང་གནང་སོང་།

དེ་ཡང་༢༠༡༨ལོའི་ཟླ་༩ཚེས་༣ཉིན། རྡ་སར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༼དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་།༽ཆོལ་ཁ་གསུམ་དང་ཀ་རྡོར་སྒང་གསུམ་དང་ར་དབང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་བཅས་ཀྱི་ཚོགས་སྐྱིད་ཁག་ནས། ༸གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་མཆོག་གི་སྒོ་ནས་བརྟན་བཞུགས་ཕུལ་གནང་སོང་། དེ་རུ་བོད་སེར་སྐྱ་མི་མང་དང་གཞན་ཕྱི་རྒྱལ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཧ་ཅང་མང་པོ་འཛོམས་ཡོད་འདུག

དེའི་རྗེས་༸གོང་ས་མཆོག་གིས་བརྟན་བཞུགས་ཐོག་བཀའ་སློབ་གནང་དོན། དེ་རིང་ཁྱོད་རང་ཚོས་ཚེ་སྙིང་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་། འདིར་གར་ཁྲི་རིན་པོ་ཆེ་ཡང་ཕེབས་ཡོད་རེད། ཧ་ཅང་ཡག་པོ་བྱུང་སོང་། ཁྱོད་རང་ཚོའི་ལས་བསྡོམས་ཟེར་དགོས་རེད་དམ། སྙན་ཞུ་དེ་ངོས་ཆ་ཚང་ཀློག་ལོང་བྱུང་ཡོད་མ་རེད། གང་ལྟར་ཁྱོད་རང་ཚོ་ཚང་མས་དམ་ཚིག་གོང་བུ་གཅིག་གྱུར་གྱི་ཐོག་ནས་བརྟན་བཞུགས་བྱས་པ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ད་གི་ཁྱོད་རང་ཚོས་ཚེ་སྙིང་ཡིད་བཞིན་འཁོར་ལོའི་ཆོ་ག་གསུང་པའི་སྐབས་སུ་ངོས་ཀྱང་གསལ་སྣང་བཏབས་པ་དང་། བླ་མ་གོང་མ་ཚོར་ཐུགས་བསྐྱེད་བསྐུལ་ནས་དམིགས་པ་བརྟན་པོ་འདྲ་བྱས་ཡིན། ཧ་ཅང་ཡག་པོ་བྱུང་སོང་། གང་ལྟར་ཚེ་རབས་བརྒྱུད་པའི་རྩ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་དེ་རིང་ཁ་སང་དངོས་སུ་སྤྱིར་འགྲོ་བ་ཡོངས་དང་། ཡང་དགོས་འཛམ་གླིང་འདི། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་དོན་མཛད་པར་སྐུ་དངོས་སུ་བཞུགས་ནས་གང་གནང་གི་ཡོད་མ་རེད། གང་ལྟར་རྩ་བརྒྱུད་ཀྱི་བླ་མ་གོང་མ་རྣམ་པའི་མིིའི་མི་ཚབ་དང་། གསུང་གི་གསུང་ཚབ་བྱེད་མཁན་དེ་ང་ཆགས་བསྡད་ཡོད་རེད་ཅེས་གསུངས།

ཡང་ཁོང་གིས། སྟོན་པ་འཁོར་དང་བཅས་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས། དེ་རིང་ཁ་སང་གི་འཛམ་བུ་གླིང་འདིའི་སྒང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ངོ་སྤྲོད་གནང་ནས། ལུང་རྟོགས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་ཐབས་སུ་ད་བར་གང་ཡོང་ཅི་ཡོང་གནང་ཡོད་པ་དང་། དེའི་ཆེད་དུ་ལོ་བརྒྱ་སྐོར་ལ་འཚོ་ཐུབ་ཐབས་དང་། དེའི་ཐོག་ནས་ང་ཚོ་བོད་མིས་མཚོན་པའི་རྒྱ་དཀར་ནག་གི་ནང་པ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕན་ཐོགས་ཡོང་ཐབས་གནང་རྒྱུ་དང་། འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་བསྟན་པ་དེ་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་དངོས་གནས་དྲང་གནས་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་པ་ནི་པཎ་གྲུབ་བཅུ་བདུན་བཀའ་དྲིན་ཆེན་པོ་ཡིན། རིགས་པ་དང་རྒྱུ་མཚན་སྐོས་ནས་འགྲེལ་བཤད་དང་ངོ་སྤྲོད་གནང་དགོས། ཞེས་གསུངས།

བོད་སྐད་ཡིག་གལ་འགངས་ཆེ་བའི་ཐད་ནས་ཀྱང་། དཔལ་ན་ལེནྡྲའི་གཞུང་ལུགས་ཡོངས་རྫོགས་ཚང་ལ་མ་ནོར་བ་དང་། སངས་རྒྱས་ཀྱི་བསྟན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཚང་མ་དཔྱིད་ཕྱིན་པ་ཡོད་ས་དེ་བོད་སྐད་རང་ཡིན་སྟབས། བོད་སྐད་ཡིག་གཅེས་འཛིན་བྱེད་རྒྱུ་ཕྱོགས་གཅིག་ནས་བསྟན་འགྲོར་ཞབས་འདེགས་དང་། ཕྱོགས་གཞན་ཞིག་ནས་གནའ་བོའི་བོད་ཀྱི་མེས་པོ་ཚོའི་རྣམ་དཔྱོད་ལས་བཀའ་བསྟན་བོད་འགྱུར་ཞུས་པ་རྣམས་ང་རང་ཚོས་རྒྱུན་འཛིན་བྱེད་རྒྱུ་དེ་འོས་འགན་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། བོད་སྐད་ཡིག་གཅེས་འཛིན་བྱེད་རྒྱུ་དེ་གལ་གནད་ཆགས་ཡོད་སྐོར་དང་།

བསྟན་བཞུགས་འབུལ་མཁན་ཚོས་བོད་པའི་རིག་གཞུང་སྤྱི་དང་། ལྷག་པར་བོད་ཀྱི་སྐད་ཡིག་གཅེས་འཛིན་དང་དོ་སྣང་བྱེད་ཀྱི་ཡིན་དང་། བདག་པོ་རྒྱག་གི་ཡིན་ཞེས་པ་དང་། ཚང་མ་གོང་བུ་གཅིག་གྱུར་ཐོག་དམ་ཚིག་ལྡན་པ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རྣམས་ཧ་ཅང་ཡག་པོ་རེད། ཅེས་གསུངས།

ཁོང་གིས་མུ་མཐུད་ནས། ཁྱོད་རང་ཚོས་རེ་བ་བརྒྱབ་པ་ནང་བཞིན་ངོས་ཀྱི་ངོས་ནས་ཡིན་ནའང་ལོ་བརྒྱ་སྐོར་ལ་བསྡད་ཐུབ་རྒྱུ་ཕལ་ཆེར་ཡོང་ཐུབ་པ་ཞིག་རེད། དེ་ངས་སྨོན་ལམ་རྒྱག་གི་ཡིན། ད་ཡིན་ན་དངོས་ཡོད་གནས་ཚུལ་ལ་རྒད་པོ་ཆགས་ཡ་དེ་ཆོས་ཉིད་རེད། ཚེ་རིང་པོ་བསྡད་ཀྱི་ཡིན། རྒད་པོ་ཆགས་ཀྱི་མིན་ལབ་ན་ནོར་འཁྲུལ་རེད། ཚེ་རིང་པོར་བསྡད་ན་རྒད་པོ་ཆགས་ཆགས་པ་རེད། ཤེས་སོང་ངམ། ཡིན་ནའང་ད་ལྟ་ལོ་༨༤ ལ་སླེབས་བསྡད་དུས་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ལ་གང་འཚམས་སླེབས་ཀྱི་ཡོད་རེད། སྔ་མོ་ངས་རྟག་པར་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ཙམ་བསྡད་ཐུབ་ཀྱི་རེད་ལབ་སྡོད་ཀྱི་ཡོད། ད་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ལ་ཡར་སླེབས་ཀྱི་འདུག ད་ཡང་ཏོག་ཙམ་ཧམ་པ་འདྲ་པོ་ཚ་རུ་ཕྱིན་ནས་བརྒྱ་སྐོར་ལ་བསྡད་ཀྱི་ཡིན་ཟེར་གྱི་ཡོད་རེད། དེར་བརྟེན་དེ་འདྲ་ཡིན་དུས་ངོས་ཀྱི་ངོས་ནས་གང་ལྟར་ཁ་ཡོད་ལག་ཡོད་དུ་མི་ལ་ཕན་གྱི་འདུག སྨོན་ལམ་འདི་རྒྱག་པ་ནང་བཞིན་ཁ་ཡོད་ལ་གང་ལ་གང་འཚམས་ཀྱིས་ཕན་ཐོགས་ཡོད་དུས། ཕན་ཐོགས་ཡོད་ས་དེར་ག་ཚོད་ཚེ་རིང་པོ་བྱུང་ན་ཡག་པོ་རེད། དེར་བརྟེན། ངོས་རང་སེམས་ཤུགས་འདྲ་སྐྱེ་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས། དེར་རོགས་བྱེད་མཁན་དེ་སྟོང་ཉིད་ཀྱི་ལྟ་བ། དེ་གཉིས་ཀྱི་ཐོག་ནས་གང་ལྟར་སེམས་ལ་ཞུམ་པ་ཁྱོན་ནས་མ་སྐྱེ་བར། ག་དུས་ཡིན་ན་ཡང་སྤོབས་པ་འདྲ་པོ་ཞིག་སླེབས་བསྡད་ཀྱི་འདུག ངོས་རང་གི་ངོས་ནས་ཧུར་ཐག་བྱེད་རྒྱུ་རེད། ཁྱོད་རང་ཚོ་ཚང་མས་ཀྱང་ཧུར་ཐག་བྱེད་དགོས། ཞེས་གསུངས།

མཐར། ༸གོང་ས་མཆོག་གིས། ཀ་རྡོར་སྒང་གསུམ་ཞེས་ངོས་དེ་སྔ་བོད་ལ་ཡོད་དུས་ཆུང་ཆུང་སྐབས་ནས་གོ་མྱོང་། རྡོ་རྗེ་གླིང་སྐྱིད་པོ་ཡོད་རེད། ཀ་ལིང་སྦུག་སྐྱིད་པོ་ཡོད་རེད་ཟེར་བ་ཆུང་ཆུང་སྐབས་ནས་གོ་མྱོང་། ཀ་ལིམ་སྦུག་དང་རྡོ་རྗེ་གླིང་། འབྲས་ལྗོངས་བཅས་ཀ་རྡོར་སྒང་གསུམ་ལབ་དུས་ཧ་ཅང་སེམས་ཐག་ཉེ་པོ་འདུག དེར་བརྟེན། ཁྱོད་རང་ཚོ་ཀ་རྡོར་སྒང་གསུམ་གྱི་ཐོག་ནས་བརྟན་བཞུགས་གནང་ནས་འདི་འདྲ་རེད། དེ་ག་ནང་བཞིན་ང་རང་ཚོ་བོད་ཀྱི་ཆོལ་ཁ་སོ་སོའི་ཁོངས་ཀྱིས་བརྟན་བཞུགས་གནང་བ་འདི་འདྲ་རེད། ཁྱོད་རང་ཚོ་དམ་ཚིག་ལྡན་པ་རེད། ཅེས་བཀའ་སློབ་གནང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།