24
Wed, Apr

བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༨འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་བཞུགས་སྒར་དུ་བཀའ་ཤག་གི་གསུང་བཤད་གནང་བཞིན་པ། པར་པ་དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།


ལོ་ངོ་༦༠བརྒལ་བའི་དུས་ཡུན་ནང་གཞིས་བཞུགས་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དུས་དང་རྣམ་པ་ཀུན་ཏུ་དངངས་སྐྲག་འོག་གནས་བཞིན་ཡོད། ཅེས་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༨འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་བཀའ་ཤག་གིས་གཏམ་བཤད་དུ་བཀོད་གནང་འདུག།

བཀའ་ཤག་གི་གཏམ་བཤད་རྒྱས་པ་གཤམ་དུ་བཀོད་ཡོད་པས་གཟིགས་གནང་བར་འཚལ།
༄༅།། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་དབུ་འཁྲིད་བླ་ན་མེད་པ། བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༨ འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་དང༌། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་དགའ་སྤྲོ་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་ན་ཆུང་དུས་ནས་དགོངས་བཞེད་ཡོད་པ་ལྟར། ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རྗེས་བོད་ཀྱི་སྤྱི་ཚོགས་ནང་འདྲ་མཉམ་སོགས་ཡོང་ཆེད་བཅོས་བསྒྱུར་གནང་འགོ་བཙུགས་ཡོད་པ་མ་ཟད། ལེགས་བཅོས་ལས་ཁུངས་ཤིག་ཀྱང་འཛུགས་གནང་མཛད་ཡོད། འོན་ཀྱང་ཕྱི་ནང་གི་འགལ་རྐྱེན་མང་དག་ཅིག་ལ་བརྟེན་ནས་ཐུགས་འདུན་ཡོད་པ་ལྟར་གནང་ཐུབ་མེད། བཙན་བྱོལ་དུ་ཕེབས་རྗེས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་གཞིར་བཟུང༌། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་བསྐོ་འདེམས་བྱེད་པའི་སྲོལ་གཏོད་མཛད་པའི་སྒོ་ནས་བོད་མིའི་མང་གཙོ་དབུ་བརྙེས་པ་དང༌། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ཕྱོགས་སུ་འཁྲིད་གནང་མཛད། རིམ་པས་མ་འོངས་བོད་ཀྱི་རྩ་ཁྲིམས་ཁྱབ་བསྒྲགས་གནང་རྒྱུ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཆོག་མཆན་བསྩལ་རྒྱུའི་མཚོན། བུད་མེད་ཀྱི་ཆེད་དུ་སྤྱི་འཐུས་ཞབས་སྟེགས་ཟུར་བཅད་གནང་རྒྱུ་དང། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་སྤྱི་མཚུངས་བོད་ཀྱི་གནའ་བོའི་ཆོས་ལུགས་བོན་གྱི་ཆེད་དུ་ཡང་སྤྱི་འཐུས་ཞབས་སྟེགས་གནང་ནས་ཕྱི་ལོ་ ༡༩༧༧ ལོར་ཐོག་མར་འདེམས་འགོ་ཚུགས་པ་བཅས། གནས་དུས་ལ་གཞིགས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་རིམ་པས་ལེགས་བཅོས་ཇི་དགོས་ལམ་སྟོན་མཛད་དེ་ད་ཆ་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཐུབ་ཡོད་པ་དང། དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒྲིག་འཛུགས་ཀྱང་འཛུགས་གནང་མཛད་ཡོད།

དེ་མཚུངས་བཀའ་ཤག་གི་གྲུབ་ཆ་དང་བཀའ་བློན་བསྐོ་གཞག་གནང་ཕྱོགས་ལའང་དུས་བསྟུན་ལེགས་བཅོས་རིམ་མཛད་གནང་བ་དང༌། ལྷག་པར་བོད་མི་མང་གི་འཕྲལ་ཕུགས་ཀྱི་བདེ་དོན་གཙོ་བཟུང་དགོས་པ་དུ་མར་གཟིགས་ཏེ། ྋགོང་ས་མཆོག་གིས་འཛིན་སྐྱོང་དང་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ཡོད་པ་བཅས། མདོར་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་དང་དབུ་འཁྲིད་ལམ་སྟོན་མཛད་པ་ཁོ་ན་ལ་བརྟེན་ནས་ཀུན་གྱིས་བསྟོད་བསྔགས་བྱ་ཡུལ་གྱི་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ཏུ་གྱུར་ཐུབ་པ་བྱུང་ཡོད། དེར་བརྟེན་གོ་སྐབས་འདི་བརྒྱུད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ལན་བརྒྱར་ཆེ་ཞེས་ཞུ་རྒྱུ་ཡིན།

ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་གསུམ་དབར་མང་གཙོའི་སྤྱི་ཚོགས་གཞན་ལྟར་ཕན་ཚུན་ལས་དོན་ཐོག་ལྗིད་ཉམས་བཏང་འཛིན་བྱེད་པའི་སྒོ་ནས་ལས་དོན་ཁག་ཚགས་ཚུད་དང༌། དེ་བཞིན་དབུས་འོས་བསྡུ་ལས་ཁང་དང། སྤྱི་ཁྱབ་རྩིས་ཞིབ་ལས་ཁང༌། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་གསུམ་གྱི་རང་དབང་ཅན་གྱི་གནས་བབ་ཐོག་ནས་ལས་དོན་འགན་འཁྲི་དང་ཕྱི་གསལ་ནང་གསལ་བཅས་ཡོང་བའི་ཁག་ཐེག་བྱེད་ཀྱི་ཡོད།

འོན་ཀྱང་ལོ་ངོ་ ༦༠ བརྒལ་བའི་དུས་ཡུན་ནང་གཞིས་བཞུགས་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དུས་དང་རྣམ་པ་ཀུན་ཏུ་དངངས་སྐྲག་འོག་གནས་བཞིན་ཡོད། བོད་ས་ཡོངས་ལ་དུས་རྒྱུན་དུ་དམ་བསྒྲགས་ཡོད་མུས་དང་ལྷག་པར་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་ས་ཁུལ་གང་སར་བོད་ཀྱི་དུས་སྟོན་སོགས་འདུ་འཛོམས་ཆེ་སྐབས་དམིགས་བསལ་དམ་བསྒྲགས་བྱེད་བཞིན་ཡོད། དཔེར་ན། ཉེ་ཆར་ཞོ་སྟོན་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་དང་སྐོར་སྲུང་བ་མང་དུ་བཏང་ནས་གང་སར་འགྲེམས་འཇོག་བྱས་ཡོད། བོད་མིའི་ཐོག་དམ་བསྒྲགས་ཇི་ཡོད་དང་ཆོས་དད་རང་དབང་སོགས་མེད་པའི་གནས་སྟངས་སྐོར་རྒྱལ་སྤྱིའི་ཁུངས་འཕེར་སྙན་ཐོ་མང་པོའི་ནང་བསྟུད་མར་ཐོན་བཞིན་ཡོད། ཉེ་སྔོན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་ཆེན་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་མཱ་ཡིཀ་པནསེ་ (Mike Pence) མཆོག་གིས། “འདས་པའི་ལོ་ངོ་ ༧༠ ཙམ་རིང་རྒྱ་ནག་གཞུང་གིས་བོད་མི་ཚོར་གཉའ་གནོན་དང་མནར་གཅོད་བཏང་ཡོད་པ་དང༌། བོད་མི་ཚོས་ཆོས་དང་རིག་གཞུང་ཉམས་ལེན་གྱི་ཆེད་དུ་མུ་མཐུད་འཐབ་རྩོད་བྱེད་བཞིན་ཡོད།” ཅེས་གསུངས་ཡོད་པ་ནི་བོད་མིའི་དངོས་ཡོད་གནས་སྟངས་ལ་བསྡོམས་བརྒྱབ་པ་ལྟ་བུ་ཞིག་ཡིན།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གལ་ཆེར་འཛིན་བཞིན་པའི་གཏན་འབེབས་ཡིག་ཆ་མང་པོའི་ནང་བོད་ཀྱི་དངོས་ཡོད་དང་དམིགས་བསལ་གནས་སྟངས་ལ་ངོས་འཛིན་གྱིས་སྲིད་བྱུས་ལག་བསྟར་བྱེད་དགོས་པ་གསལ་བཀོད་བྱས་ཡོད། དཔེར་ན། ལོ་རབས་བརྒྱད་ཅུ་ཐམ་པའི་ནང་བོད་ཐོག་སྲིད་བྱུས་ལག་བསྟར་ཆེད་གཏན་འབེབས་བྱས་པའི་ཡིག་ཆ་ཁག་གི་ནང་དུ་ཡང་ “ནང་པའི་ཆོས་ལུགས་ལ་དད་པ་བྱེད་པ་དེ་ནི་ཡུན་རིང་གི་ལོ་རྒྱུས་ནང་བྱུང་བ་ཞིག་ཡིན་པ་དང༌། བོད་རིགས་མི་དམངས་མང་ཚོགས་ཀྱི་ནང་དུ་ཤུགས་རྐྱེན་ཟབ་པོ་ཡོད་པས་ངེས་པར་དུ་གཟབ་ལྷིང་བྱེད་དགོས། གལ་ཏེ་ཐག་གཅོད་ཡག་པོ་མ་བྱུང་ན་མང་ཚོགས་ཁ་བྲལ་འགྲོ་བ་དང༌། མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་གི་རེད། དེར་བརྟེན་ཆོས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱི་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོར་བརྩི་འཇོག་བྱེད་དགོས་” ཞེས་དང༌། དེ་མཚུངས་ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ་ཨང་ ༣༡ པ་ཞེས་པའི་ནང་དུ་ཡང་ “ཀྲུང་དབྱང་དང་ཀྲུང་དབྱང་གི་སྡེ་ཚན་ཁག་གིས་གཏན་འབེབས་བྱས་པའི་མཛད་ཕྱོགས་དང། སྲིད་བྱུས། ལམ་ལུགས་བཅས་དང་རྒྱལ་ཡོངས་སུ་སྤེལ་བའི་ཡིག་ཆ་དང༌། མཛུབ་སྟོན། གཏན་འབེབས་བཅས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་འཚམ་པོ་མེད་པ་ཡིན་ཕྱིན་བོད་ཀྱི་ཏང་སྲིད་དམག་འགོ་ཁྲིད་ལས་ཁུངས་ཀྱིས་ལག་བསྟར་མི་བྱེད་པའམ་བབ་བསྟུན་བཟོ་བཅོས་བྱས་ནས་ལག་བསྟར་བྱས་ན་འགྲིགས།” ཞེས་གསལ་པོ་བཀོད་ཡོད། ལྷག་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་ནང་མི་རིགས་སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་པ་དང་གོང་དུ་སྤེལ་རྒྱུའི་རང་དབང་ཡོད་པ་དང༌། དེ་བཞིན་རྒྱལ་ཁབ་ཀྱི་ཡུལ་མི་ཚང་མར་ཆོས་དད་རང་དབང་གི་ཐོབ་ཐང་འགན་སྲུང་བྱས་ཡོད།

དེ་ལྟ་ན་ཡང་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་མིའི་ཐོག་བྱེད་སྟངས་འདི་དག་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ཐེ་བའི་ཡིག་ཆ་ཁག་དང་ཡོངས་སུ་འགལ་བ་ཞིག་རེད། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་གྱི་གྲངས་ཀ་ཙམ་མ་ཟད༌། ཆོས་ཞུགས་བྱེད་པའི་ལོ་ནར་ཡང་ཚད་བཀག་བཟོས་ཏེ་གྲྭ་བཙུན་སྟོང་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་ཀྱིས་གཞུང་གཉེར་སློབ་གྲྭའི་ནང་བཙན་དབང་གིས་གཏོང་བཞིན་ཡོད། ཉེ་ཆར་ཁམས་རྫ་ཆུ་ཁ་རྫོང་ཁོངས་ནས་གྲྭ་ཆུང་རྣམས་དགོན་པ་ནས་ཕྱིར་འབུད་ཀྱིས་གཞུང་གཉེར་སློབ་གྲྭ་ཁག་ནང་འགྲོ་དགོས་པ་དང༌། དེ་མིན་དགོན་པ་སྒོ་རྒྱག་རྒྱུ་མ་ཟད་དགོན་པའི་བླ་མ་ལས་སྣེ་དང། ཕ་མ་བཅས་ཚང་མར་ཉེས་ཆད་གཏོང་རྒྱུ་ཡིན་པའི་བཀའ་རྒྱ་བཏང་འདུག གཞན་ཡང་ལྷ་ས་གྲོང་ཁྱེར་ཁུལ་དུ་སློབ་མ་རྣམས་དབྱར་ཁའི་གུང་གསེང་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག་པ་བཅས་ནི། བོད་ཀྱི་མི་རབས་གསར་པ་རྣམས་བོད་ཀྱི་རིག་གནས་ཀྱི་བསྟི་གནས་དགོན་སྡེ་གྲྭ་ཚང་ཁག་དང༌། དེ་བཞིན་ཆོས་ཕྱོགས་ཀྱི་བྱ་བ་ཁག་དང་འབྲེལ་བ་མེད་པ་བཟོས་ཏེ་རིམ་པས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཕུགས་དམིགས་ངན་པ་བཅངས་པ་ཞིག་ཡིན་པ་གསལ་པོ་རེད། བོད་མིའི་ཐོག་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་དབང་འཛིན་པ་ཚོས་བྱེད་བབ་དེ་དག་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་“རྒྱ་ནག་གི་རིག་གཞུང་དར་འཕེལ་ཡོང་བར་ནང་ཆོས་ཀྱིས་ནུས་པ་འདོན་ཐུབ་”ཅེས་ཡོངས་གྲགས་ཐོག་ངོས་ལེན་བྱས་ཡོད་པ་དང་འགལ་ཡོད། དེར་བརྟེན་བོད་མིའི་ཆོས་དད་རང་དབང་ཐོག་ལ་དམ་བསྒྲགས་བྱེད་བཞིན་པ་འདི་དག་ལ་བལྟས་ཚེ་དབུས་ཀྱི་འགོ་འཁྲིད་རྣམ་པའི་དགོངས་པ་དང་ས་གནས་ཀྱི་དབང་འཛིན་པ་ཚོས་བྱེད་བབ་གཉིས་ལ་ཧེ་བག་ཆེན་པོ་ཡོད་པ་མ་ཟད་ཡ་མཚན་སྐྱེ་གཞི་ཞིག་ཀྱང་ཆགས་ཡོད།

ཉེ་ཆར་སྲིད་བློན་ལི་ཁེ་ཆང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱིན་ནས་ “མེས་རྒྱལ་གོང་བུ་གཅིག་གྱུར་”ལ་སྲུང་སྐྱོང་དང༌། “མི་རིགས་མཐུན་སྒྲིལ་”ལ་ཤུགས་སྣོན་རྒྱག་དགོས་སྐོར་བཤད་ཡོད། དེ་བཞིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་དབྱང་གིས་ཉིན་གསུམ་རིང་གི་ལྟ་སྐོར་སྐབས་ཀྱང༌། “མེས་རྒྱལ་གོང་བུ་གཅིག་གྱུར་”དང༌། “མི་རིགས་མཐུན་སྒྲིལ།” “སྤྱི་ཚོགས་བརྟན་ལྷིང་”བཅས་སྲུང་སྐྱོང་ཡོང་བར་“ཁ་བྲལ་གྱི་གནད་དོན་ཡོངས་རྫོགས་ལ་བློ་ཁོགས་ཆེན་པོའི་ངང་ནས་གདོང་ལེན་བྱེད་དགོས་པ་”དང༌། དེ་བཞིན་བོད་ཀྱི་“དགོན་སྡེ་ཁག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་”སྐོར་སོགས་བཤད་ཡོད། འོན་ཀྱང་བོད་མིར་སྡང་ཟུག་བྱེད་པ་དང༌། དགྲ་བོར་འཛིན་པ། ཡིད་ཆེས་མི་བྱེད་པ། མི་རིགས་དབྱེ་འབྱེད་བྱེད་པ། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་དང་ཡུལ་གོམས་གཤིས་ལུགས་ལ་བརྩི་མཐོང་མི་བྱེད་པའི་བྱེད་སྟངས་འདི་དག་“མི་རིགས་མཐུན་སྒྲིལ་”དང༌། “སྤྱི་ཚོགས་བརྟན་ལྷིང་”མི་ཡོང་བའི་རྒྱུ་རྐྱེན་གཙོ་ཁག་ཅིག་ཡིན་པ་ངོས་ལེན་བྱེད་དགོས། བོད་མིའི་རེ་འདུན་ལ་བསམ་ཤེས་དང་བཟང་ཕྱོགས་ཀྱི་འགྱུར་བ་མ་བཏང་བར་དོན་དམ་གྱི་མི་རིགས་འཆམ་མཐུན་ཡོང་ཐུབ་ཀྱི་མ་རེད་ཅེས་ཚིག་ཐག་ཆོད་པོས་བརྗོད་རྒྱུ་ཡིན། ལི་ཁེ་ཆང་དང་ཝང་དབྱང་གཉིས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱིན་པ་དེས་བོད་དང་བོད་མིའི་གནད་དོན་གལ་ཆེར་འཛིན་གྱི་ཡོད་པར་ང་ཚོས་ཚོད་དཔག་བྱེད་ཐུབ་ཀྱི་འདུག དེ་ལྟར་ཡིན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་གཞིར་བཞག་བོད་རྒྱ་གཉིས་སྨན་གྱི་ཐག་གཅོད་ཞིག་ཡོང་རྒྱུར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འགོ་འཛུགས་དགོས་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན།

བོད་ནང་གི་དངོས་ཡོད་གནས་སྟངས་དང་ཛ་དྲག་གི་གནས་བབ་ལས་སྐྱོབ་ཐབས་སུ་ལོ་ལྔའི་ནང་རྒྱ་ནག་གཞུང་དང་གྲོས་མོལ་འགོ་འཛུགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་འབད་བརྩོན་བྱ་རྒྱུ་དང༌། ཅི་སྟེ་བོད་དོན་བདེན་མཐའ་གསལ་རྒྱུར་ལོ་ལྔ་བཅུ་དུས་འགོར་བྱུང་ནའང་བོད་མིའི་སྒྲིག་འཛུགས་འདི་བཞིན་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུའི་དམིགས་ཡུལ་གཞིར་བཞག་ཐོག ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་ཚོགས་འདུ་རིམ་པ་ཁ་ཤས་འཚོགས་དང་ཚོགས་མུས་ཡིན། དེ་ཡང་སྔ་ལོ་ཕྱི་ཟླ་ ༡༠ པའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་གཙོ་བཟུང་གིས་རྒྱལ་སྤྱིའི་གནས་ཚད་ལྡན་པའི་ཚོགས་འདུ་ཆེན་པོ་ཞིག་བསྐོངས་ཡོད་པ་དང། དེ་བཞིན་བོད་ཀྱི་མ་འོངས་མདུན་ལམ་ཞེས་པའི་བརྗོད་གཞིའི་འོག་མ་འོངས་འགོ་འཁྲིད་བསྐྱེད་སྲིང་དང་འབྲེལ་ནས་ཉེ་ཆར་རྒྱལ་ཁབ་ཁག་ ༡༥ ནས་འདུས་པའི་ན་གཞོན་གྱི་ཚོགས་འདུ་ཞིག་ཀྱང་བསྐོངས་ཡོད། ད་དུང་འདི་ཟླའི་ཟླ་དཀྱིལ་ཙམ་དུ་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་དང་ཤེས་ཡོན་སློབ་གསོ། བོད་མིའི་འཕྲོད་བསྟེན་དང་དཔལ་འབྱོར་བཅས་ཡར་རྒྱས་བཏང་བའི་ཐོག་ནས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནུས་པ་ལྡན་པ་བཟོ་ཆེད་ཚོགས་ཆེན་ཞིག་ཚོགས་གཏན་འཁེལ་ཡོད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མི་མང་གི་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་ལ་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་ནས་ད་ཆ་ལོ་ངོ་བདུན་ལྷག་འགྲོ་བཞིན་ཡོད་པ་འདི་ནི་ང་ཚོའི་མང་གཙོའི་འཕེལ་རིམ་ནང་གཟི་བརྗིད་ཡིན་པ་དང༌། ལྷག་དོན་དུ་བོད་མི་མང་གི་འཕྲལ་ཕུགས་གཉིས་ལ་སྨན་པའི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རླབས་ཆེན་ཞིག་ཀྱང་ཡིན་པས་ང་ཚོ་ཚང་མས་དགའ་སྤོབས་བྱེད་དགོས། བཀའ་ཤག་གིས་གཅིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་གཞིར་བཞག་ཐོག་རང་ནུས་གང་ལྕོགས་དང་ལྷག་བསམ་རྣམ་དག་གིས་འགན་འཁུར་ཞུས་དང་ཞུ་མུས་མ་ཟད། ལས་དོན་ཁག་ཕྱོགས་ལྷུང་མེད་པར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་བསྒྲུབས་དང་སྒྲུབ་བཞིན་ཡོད།

གོང་དུ་ཞུས་པ་ལྟར་ང་ཚོའི་གནས་དུས་ལ་གཞིགས་པའི་མང་གཙོའི་སྒྲོམ་གཞི་སོགས་ཚད་ལྡན་ཞིག་ཆགས་ཐུབ་ཡོད་ནའང། མང་ཚོགས་ལ་མང་གཙོའི་གོ་རྟོགས་ཞན་པར་བརྟེན་མང་གཙོའི་རང་དབང་དང་ཐོབ་ཐང་ལ་བསྙད་དེ་བོད་མི་ནང་ཁུལ་གྱི་མཐུན་ལམ་ལ་དོ་ཕོགས་འགྲོ་གཞིའི་རིགས་ཡོང་བཞིན་འདུག་པ་ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས། དེའི་ཁར་རྒྱ་ནག་གཞུང་དང་དེའི་སོ་ཉུལ་བ་ཚོས་ཀྱང་བོད་མིའི་སྤྱི་ཚོགས་ནང་འཛུལ་ཏེ་ཆིག་བསྒྲིལ་ལ་གནོད་སྐྱོན་གཏོང་ཐབས་བྱེད་བཞིན་ཡོད་པ་ལའང་ཚང་མས་སྤྱང་གྲུང་དང་ཡིད་གཟབ་བྱེད་དགོས། ང་ཚོ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་མ་རྩ་དང་སྟོབས་ཤུགས་གལ་ཆེ་ཤོས་ཤིག་ཡིན། ང་ཚོས་རང་ཡུལ་བཞག་ནས་མི་ཡུལ་དུ་ཡོང་བའི་དགོས་དམིགས་མ་བརྗེད་པའི་ཐོག ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༢ པའི་ནང་ཆོལ་གསུམ་ཆོས་བརྒྱུད་ཡོངས་རྫོགས་མཚོན་པའི་ང་ཚོའི་ཕ་མེས་དང་མི་རབས་གོང་མ་ཚོས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག། བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་གནས་རྒྱུའི་མནའ་གན་མཐུ་མོ་ཆེའི་དམ་བཅའ་ཕུལ་ཡོད་པ་དེ་ང་ཚོས་བསྐྱར་དྲན་དང༌། ཁྱད་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་ཁག་ཅིག་གིས་བོད་མི་ནང་ཁུལ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་མིའི་བདེན་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་རིམ་ཕེབས་རྣམས་ཀྱང་སྙིང་བཅངས་ཞུ་དགོས་པའི་སྐུལ་འདེབས་ཤུགས་ཆེ་བྱ་རྒྱུ་ཡིན།

བཀའ་ཤག་གི་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གཏན་ལ་ཕབ་པའི་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་ནག་གཞུང་དང་གྲོས་མོལ་བསྐྱར་མཐུད་ཡོང་རྒྱུར་སྒོ་གང་ས་ནས་འབད་བརྩོན་བྱེད་བཞིན་ཡོད། གཞན་ཡང་རང་རེའི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་དུའང་དབུ་མའི་ལམ་གྱི་ངོ་སྤྲོད་སྐོར་སློབ་ཚན་འཆར་འགོད་བྱས་ཡོད། དེ་མཚུངས་རྒྱལ་སྤྱི་དང་རྒྱ་གར་ནང་དུ་སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པས་ཀྱང་གོ་སྐབས་ནམ་བྱུང་ལ་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་ཞུས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་ཀྱི་གནད་དོན་སེལ་རྒྱུར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་དང་ཞུ་བཞིན་ཡོད།

ད་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་དང་མི་མང་གཙོ་གྱུར་བོད་མིའི་རྩ་དོན་དང་ཆོས་རིག་རྒྱུན་འཛིན་ཐོག་རོགས་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་མང་དང་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་དང་ཡིད་ཆེས་ཞུ་བཞིན་ཡོད།

མཐའ་དོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པ་དང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ ལ།། །།