19
Fri, Apr

མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་༦༠འཁོར་བའི་དུས་དྲན་སྲུང་བརྩི་༢༠༡༨ལོའི་ཟླ་༦ཚེས་༡༦ཉིན་བཞུགས་སྒར་རྡ་རམ་ས་ལར་འཚོགས་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་འཕྲིན། པར་པ་ཡེ་ཤེས་ཆོས་བཟང༌།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༦ཚེས་༡༦ཉིན་སྤེལ། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་བཞུགས་སྒར་རྡ་རམ་ས་ལར་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་ངོ་༦༠ཧྲིལ་པོར་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་༌།

མཛད་སྒོར་དེ་ཡང་གོང་ཚེས་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌། རྡ་ས་དབུས་ཡན་ལག་ལས་ཁང༌། རྡ་ས་ས་གནས་ཆུ་སྒང་བཅས་ཀྱིས་གོ་སྒྲིག་འོག བཞུགས་སྒར་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༠འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་བའི་མཛད་སྒོ་རྒྱས་པ་ཞིག་ཆོགས་ཡོད་པ་རེད། དེ་ཡང་སྔ་དྲོ་ཆུ་ཚོད་༨།༠༠ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང༌། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། རྡ་ས་ས་གནས་འགོ་འཛིན་གྱི་སྐུ་ཚབ། དེ་བཞིན་དམིགས་བསལ་སྐུ་མགྲོན་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག དབུས་གཙང་ཆོལ་ཁའི་སྐུ་ཚབ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རང་ཁོང་རྡ་ས་ཚོགས་སྐྱིད་ཁག་བཅུ་བདུན་གྱི་སྐུ་ཚབ། དེ་བཞིན་མདོ་ཁམས་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་རྒྱུན་ལས་རྣམ་པ། རྡ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམ་པའི་གཙོས་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སུམ་བརྒྱ་ལྷག་འདུ་འཛོམས་གནང་ཡོད།

མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཡོངས་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང༌། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། སྐུ་མགྲོན་གཙོ་བོ་དང་སྐུ་མགྲོན་རྣམ་པས་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང༌། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་གཉིས་ལ་མཇལ་དར་སྒྲོན་འབུལ་གནང༌།

དེ་ནས་མདོ་ཁམས་ཆུ་བཞི་སྒང་དྲུང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ་ཐུབ་བསྟན་བཀྲིས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་འབྲེལ་མཛད་རིམ་སྙན་སྒྲོན་རྗེས། ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང༌། ཆུ་སྒང་དམག་གླུ་བཏང་གནང་བ་དང་སྦྲགས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་དམ་པ་ཚོ་དང༌། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས།

དེ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་ཚེ་རྡོར་མཆོག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་དང་གཏམ་བཤད་གནང་དོན་”ད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི། བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་བོད་ཀྱི་དཔའ་བོའི་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་ཡིན། དེ་རིང་འདིར་ཆེས་ཐོག་མར་དྲན་གསོ་དང་གུས་འདུད་ཞུ་ས་གཙོ་བོ་ནི། ཕྱི་ལོ་ ༡༩༤༩ ནས་ད་བར་བོད་ཁ་བ་ཅན་གྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་སྤྱིའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་ཡོད་པའི་སྐུ་གཤེགས་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གཙོས་པའི་དཔའ་རྒོད་དམ་པ་ཚོ་དང༌། ད་ལྟ་ཞལ་བཞུགས་པའི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་ལྡན་པ་ཚོ་ཡིན་ལ། གོ་སྐབས་འདི་བརྒྱུད་ནས་གཤེགས་ཟིན་པའི་རྒྱལ་གཅེས་དཔའ་རྒོད་ཁོང་རྣམས་ལ་ཡིད་གདུང་དྲག་པོའི་སྒོ་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ལ། ཤུལ་ལུས་ལྟོས་བཅས་ཡོངས་ལ་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཀྱང་ཞུ་བཞིན་ཡོད། དེ་དང་ཆབས་ཅིག་དེ་རིང་གི་དུས་དྲན་མཛད་སྒོ་འདིར་ཆེད་ཕེབས་གནང་བའི་བཀུར་འོས་སྐུ་མགྲོན་རྣམ་པ་དང༌། སེར་སྐྱ་མི་མང༌། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་ཡོད་པའི་འབྲེལ་ཡོད་ཡོངས་ལ་གུས་བཀུར་ཆེན་པོའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེའང་ཕྱི་ལོ་༡༩༤༩ ལོ་ནས་བཟུང་དགྲ་བོ་རྒྱ་དམར་གྱིས་བོད་ས་ཡོངས་སུ་དབང་བསྒྱུར་བྱེད་རྒྱུའི་མ་རུངས་ཁོག་བཅངས་ཀྱི་བསམ་ངན་ཞེ་ལ་བཟུང༌། བོད་རྒྱལ་ཁབ་ཆེན་མོའི་བདག་དབང་བཙན་གྱིས་འཕྲོག་རྒྱུའི་སྦྱོར་ངན་ལག་ཏུ་བསྟར། རྒྱལ་ཁོངས་སུ་བཙན་འཛུལ་བྱེད་འགོ་བཙུགས་པ་སོགས་ཆེས་ཛ་དྲག་དང་གཉན་འཕྲང་གི་དུས་སྐབས་དེ་ནས་བཟུང༌། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྟག་ཤར་པ་ཡོད་ཚད་དམག་ལ་ཆས། གྲི་འགུ་ཟི་ཡོད་ཚད་ཤུབ་ཁ་སྤར། རྟ་འདོ་བ་ཡོད་ཚད་བང་ཁ་གློད་དེ། བོད་བཙན་པོ་རིམ་བྱུང་གི་དུས་སྐབས་ནས་བཟུང་དུས་རབས་མང་པོའི་བར་རི་ཁ་བ་ཅན་གྱི་ལྗོངས་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་རྒྱུ་མཚན་གྱིས། རང་ས་རང་བདག་དང༌། རང་དབང་སྲུང་སྐྱོབ་ཆེད་དུ་བཙན་འཛུལ་བའི་ནུས་སྟོབས་བཙན་ཞན་དང༌། གོ་ལག་གི་མཐུན་རྐྱེན་འཛོམས་མིན།རྒྱབ་སྣོན་གྱི་དམག་ཤུགས་ཡོད་མེད་སོགས་ལ་མ་ལྟོས་པར་རྒྱལ་གཅེས་དཔའ་རྒོད་ཚོས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཆེད་དུ་རང་སྲོག་དམར་པོ་དགྲ་བོའི་རྫས་མདེལ་གྱི་སོ་ཁར་གཏད་ནས། ཐོག་མར་བོད་ཤར་ཕྱོགས་ནས་དགྲ་བོར་འགོག་རྒོལ་རིམ་པར་བྱས་ཤིང༌། མཐར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་སྲུང་སྐྱོབ་ཆེད་དུ་ཁྲག་གི་རྒྱ་མཚོ་བསྐྱིལ་བ་དང༌། རུས་པའི་རི་བོ་བརྩིགས་ནས་དགྲ་བོ་ལ་ཕར་རྒོལ་དང་དམག་འཐབ་དྲག་པོ་བཟོས་ཡོད།

དགྲ་དམག་ཁྲི་ཚོ་མང་པོ་དཔུང་སྣོན་འབྱོར་ནས་མང་སྣེ་ཉུང་གིས་མ་བརྟན་པའི་དུས་སྐབས་སུའང༌། རྒྱལ་གཅེས་དཔའ་རྒོད་ཚོའི་དམག་འཐབ་ལས་རྒྱལ་ཁ་ལོན་ཐུབ་པའི་རེ་བ་དང༌། སྙིང་སྟོབས། ཆོད་སེམས། ལར་ཞེན་སོགས་ལ་འགྱུར་བ་བཏང་མ་མྱོང་ལ། ཕྱི་ལོ་ ༡༩༥༨ ཟླ་ ༢ ཚེས་ ༡༨ ཉིན་གངས་ཅན་དཔའ་བོའི་ཁྱུ་མཆོག་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་མདོ་ཁམས་ཡུལ་གྱི་གནད་ཡོད་མི་སྣ་བཞི་བཅུ་ཙམ་བོད་ཀྱི་རྒྱལ་ས་ལྷ་སའི་ཨ་འབྲུག་ཚང་གི་མཆོད་ཁང་ནང་གསང་སྟབས་ཀྱིས་འཛོམས་ཏེ། བོད་རྒྱལ་ཁབ་ཆེན་མོའི་རང་དབང་རང་བཙན་གྱི་བདག་དབང་སྲུང་སྐྱོབ་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཇི་ལྟར་འཛུགས་དགོས་མིན་སྐོར་གྱི་ཞིབ་གྲོས་དང༌། དགྲ་བོ་ལ་རྒོལ་ལན་སློག་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་ནས་བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་དང་པོ་ཕུལ་ཡོད་པ་རེད།

ཕྱི་ལོ་༡༩༥༨ཟླ་༦ཚེས་༡༦ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་ལྷོ་ཁུལ་ལྕགས་ཚ་གྲི་གུ་མཚོ་ཁའི་ཐང་ཆེན་བཀྲ་ཤིས་མཐོང་སྨོན་གླིང་དུ་དཔའ་རྒོད་ཚོས་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་བདག་དབང་སྲུང་སྐྱོབ་ཆེད་དུ། བོད་བཙན་པོའི་དུས་སྐབས་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་སླར་གསོ་བྱས་ཏེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དངོས་སུ་དབུ་བརྙེས་ཡོད་ལ། རིམ་པས་དགྲ་བོར་འགོག་རྒོལ་བྱེད་ཐབས་ཀྱི་རིམ་པ་སྔོན་སོང་ཐོགབོད་བཙན་པོ་རིམ་བྱོན་གྱི་སྙིང་སྟོབས་དང༌། དགྲ་སྲོག་རྩད་ནས་གཅོད་ཅིང་གཡུལ་ལས་རྣམ་པར་རྒྱལ་ཐུབ་པའི་རྟེན་འབྲེལ་མཚོན་ཆེད་དུ་དམག་དར་རལ་གྲི་སྣོལ་མ་ཡང་གསར་བཟོ་བྱས་ཡོད་པ་རེད།

ཉིན་དེ་ནས་བཟུང་དམག་དར་འདི་བོད་ཁ་བ་གངས་ཅན་པའི་སྙིང་སྟོབས་སུ་བརྩིས་ནས་ནམ་མཁར་བསྒྲེངས་ཏེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཁོངས་ཀྱི་དཔའ་རྒོད་ཚོས་བྱང་ཁུལ་དུ་དམག་ཐེངས་ ༡༨ དང༌། ལྷོ་ཁུལ་དུ་དམག་ཐེངས་ཆེ་བ་ ༣༤། ཆུང་བ་ ༧༥ ལྷག་བརྒྱབ་ནས་རི་སྒང་སྒང་ཐམས་ཅད་རོ་ཡིས་བཀང་ཞིང་ལུང་གཤོང་གཤོང་ཐམས་ཅད་ཁྲག་གིས་ཁེངས་པའི་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ཡོད་པའི་དངོས་བྱུང་ལོ་རྒྱུས་འདི་ནི། བོད་གངས་ཅན་པའི་ཉེ་རབས་ཀྱི་ལོ་རྒྱུས་ནང་གསེར་ཡིག་གི་འབྲི་རིན་ཡོད་པ་ཞིག་ཡིན་པ་ལས་འབྲས་དཔང་པོ་འཇོག་མཁན་གྱི་འགྲོ་བ་མིའི་སྤྱི་ཚོགས་ཤིག་ཡིན་ན་ངོས་འཛིན་བྱེད་དགོས་ངེས་ཡིན།

དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ CIA ལ་འབྲེལ་བ་བྱས་ཏེ་གསང་བའི་དམག་སྦྱོང་ཐོབ་པའི་ལི་ཐང་ཨ་ཐར་ནོར་བུ་དང༌། སྡེ་དགེ་བྱ་རྒོད་སྲས་དོན་ཡོད་སོགས་བོད་ཁ་བ་ཅན་ལ་ཞེ་བློ་དཀར་བའི་དཔའ་རྒོད་མང་པོ་ཞིག་སྔ་ཕྱིར་བོད་ཀྱི་ས་ཐོག་ཏུ་གནམ་མཆོང་བརྒྱབ་སྟེ་དགྲ་བོ་ལ་ཕར་རྒོལ་དྲག་པོ་བྱས་ཡོད། མཐར་མང་སྣེ་ཉུང་གི་མ་བརྟན། མདའ་མཚོན་གོ་ལག་གིས་མ་འདང་ནས་ཁམས་པའི་རྒྱལ་གཅེས་དཔའ་རྒོད་ཁྲི་ཚོ་མང་པོ་ཞིག་དགྲ་བོའི་རྫས་མདེལ་འོག་ནས་ཚེ་སྲོག་ཤོར་བ་དེ་ནི། མི་ལོ་ ༦༠ ཟིན་པའི་རྗེས་སུའང་ཡིད་གདུང་དྲག་པོའི་མྱ་ངན་ཞུ་ས་ཞིག་ཏུ་མ་ཟད། ཡབ་མེས་དམ་པ་ཚོས་བོད་རྒྱལ་བསྟན་སྲུང་སྐྱོབ་ཆེད་རང་སྲོག་དམར་པོ་འབེན་དུ་བཙུགས་ནས་འདི་ལྟར་གཤེགས་སོང་ཤུལ་ན་ལྷག་ཡོད་པའི་རྗེས་རབས་པ་ཚོའི་ངོས་ནས་ཁོང་རྣམས་ཀྱི་དམིགས་ཡུལ་དང་ཕུགས་བསམ་རྒྱུན་འཛིན་བྱས་ནས། དགྲ་བོར་རྒོལ་ལན་སྤྲོད་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་དགོས་པ་ནི་ལོ་རྒྱུས་ཀྱི་སྤྲད་པའི་འགན་འཁྲི་དེ་ཡིན།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོས་མུ་མཐུད་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་བོད་བཙན་པོའི་རྒྱལ་ཁབ་ཆེན་མོ་འདི་མུ་མཐུད་གནས་ཐབས་དང༌། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ྋརྒྱལ་བ་རིན་པོ་ཆེ་མཆོག་མུ་མཐུད་བཞུགས་ཐུབ་ཐབས་སུ་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་ལྷག་བསམ་གཡོ་བ་མེད་པའི་ཐོག་འབད་བརྩོན་བྱས་འབྲས་ལ་བརྟེན། བཙན་བྱོལ་དུ་གྱར་དགོས་ཐུག་ཀྱང༌།བོད་མིའི་གཞུང་དང་གཞུང་གི་མཛད་གཙོ་རྣམ་པ། ལྷག་པར་ྋགོང་ས་མཆོག་སྐུ་ཟིལ་པ་ཁྲོམ་མེར་ད་དུང་ཡང་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་ཙམ་དུ་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་དུ་བཞུགས་ཡོད་ཅིང༌། ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་སའི་གོ་ལ་འདིའི་ཐོག་གཟེངས་རྟགས་བརྒྱ་ཕྲག་ལས་བརྒལ་བ་རིམ་པས་བཞེས་གནང་བ་སོགས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་དམ་པ་ཚོས་རང་སྲོག་འབེན་ལ་བཙུགས་པའི་གྲུབ་འབྲས་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ཡིན།

བཙན་བྱོལ་རང་དབང་ལུང་པར་འབྱོར་ནས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་མང་ཡོངས་ནས་ས་གང་སྐྱིད་དང༌། ཉི་མ་གང་དྲོ་བལྟས་ཏེ་རང་མགོ་རང་ཐོན་བྱས་ནས་སོང་མེད་པ་མ་ཟད།མུ་མཐུད་དེ་གློ་དམག་སྒར་གསར་འཛུགས་བྱས་ཤིང༌། བསྟན་དགྲ་རྒྱ་དམར་ལ་སྔ་ཕྱིར་འཐབ་རྒོལ་རིམ་པར་བྱས་ཡོད་པ་ད་ཆ་འཛམ་གླིང་གི་ཟིན་ཐོ་བྱུང་རབས་དེབ་ཐེར་མང་པོའི་ནང་དངོས་བྱུང་ལོ་རྒྱུས་ཐོན་ཡོད་ལ། ལྷག་པར་ྋསྤྱི་ནོར་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཉི་མའི་འོད་སྣང་དང་མ་འབྲལ་བར། རང་འགན་རང་ཁུར་ཐོག་སྒྲིག་འཛུགས་འདིའི་ངོས་ནས་བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་ནས་ད་ལྟའི་བར་དབུས་བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་གཡོ་བ་མེད་པའི་ཐོག་དབུ་འོག་དཔུང་འདེགས་བྱས་ཡོད་པ་ལས། ༧གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་བཏང་ནས་ནང་ཁུལ་མཐུན་ལམ་ལ་གཏོར་བརླག་དང་དགྲ་དགའ་གཉེན་སྡུག་གི་ལས་ཀ་མངོན་ལྐོག་རྒྱབ་མདུན་གང་ནས་ཀྱང་བསྒྲུབས་མེད་པ་མ་ཟད།མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་རབས་རྒན་པ་ཚོའི་བོད་བསྟན་སྲིད་ལ་བཅངས་པའི་ལྷག་བསམ་དང་ཕུགས་འདུན་གཞིར་བཟུང་གིས་མི་རབས་གསར་པའི་གཞོན་ནུ་རྣམས་ཀྱིས་ལས་དོན་མཇུག་སྐྱོང་དང༌། བོད་དོན་བདེན་མཐའ་གསལ་ཐབས་སུ་དུས་ནས་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཀྱི་ལས་ཁུར་ཞུ་མུས་ཡིན།

དེ་བཞིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དུས་ཀུན་ལམ་སྟོན་གནང་དོན་ལྟར་བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་རྒྱལ་གཅེས་དཔའ་བོ་འདས་གསོན་ཡོངས་ཀྱི་ལོ་རྒྱུས་བསྡུ་སྒྲིག་དང༌། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མྱོང་མཁན་གྱི་རྒན་རབས་ཚོས་མཚོན་མི་རབས་རྒན་པ་ཚོར་བཀའ་དྲིན་རྗེས་དྲན་མཚོན་ཆེད་རྒྱུན་དུ་ནས་ཆུ་སྒང་རྒན་གསོ་ཁང་དུ་རྒན་རབས་ཚོར་ལྟ་སྐྱོང་གང་ལེགས་བྱེད་བཞིན་ཡོད་པ་ཙམ་དུ་མ་ཟད། རྒན་རབས་བརྒྱ་དང་བཅུ་གསུམ་ལ་འཚོ་སྣོན་རོགས་སྐྱོར་ལོ་ལྟར་འབུལ་བཞིན་ཡོད། དེ་བཞིན་དྷ་ས་ཆུ་སྒང་རིག་གནས་འཛིན་གྲྭར་སྐད་ཡིག་སློབ་སྦྱོང་སྤྲོད་བཞིན་པས་མ་ཚད། མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་བོད་ཀྱི་སློབ་ཕྲུག་ཚོར་སྐུལ་ལྕག་དང༌། རྒྱབ་སྐྱོར་ཆེད་ལོ་ལྟར་ཕྱི་ལུགས་མཐོ་སློབ་འགྲིམ་མཁན་གྱི་གཞོན་སྐྱེས་ ༧༠ དང༌། མཐོ་རིམ་རིག་གནས་རབ་འབྱམས་པའི་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ ༢༠། བོད་ཡིག་གི་ལམ་ནས་མཐོ་སློབ་འགྲིམ་མཁན་སློབ་ཕྲུག་༡༠བཅས་བསྡོམས། མཐོ་རིམ་སློབ་ཕྲུག་༡༠༠ལ་སློབ་ཡོན་འབུལ་བཞིན་ཡོད།

དགྲ་བོའི་མདའ་གྲི་མདུང་གསུམ་གྱི་སོ་འོག་ནས་བོད་གངས་ཅན་གྱི་དཔའ་རྒོད་རྣམས་ཀྱིས་བཙུགས་པའི་ཚོགས་པ་འདིས། མི་ལོ་ཧྲིལ་པོ་༦༠རིང་སྡང་དགྲ་བོར་ཐུག་ན་ཚེར་མ་ལས་རྩུབ་ཅིང༌། གཉེན་ཕུ་ནུ་ཐུག་ན་རྒྱ་དར་ལས་འཇམ་པར་བྱས་ནས་བསྡད་ཡོད་པ་མ་ཟད། ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུ་ལ་གཏོར་བརླག་བྱེད་རྒྱུའི་བྱ་ངན་སྤེལ་མཁན་ཚོའི་འདོད་དོན་བསྐངས་མེད་ལ། ད་དུང་ཡང་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཕལ་མོ་ཆེས་རེ་བ་དང་ཡིད་ཆེས་བྱེད་སའི་ཚོགས་པ་ཞིག་ཡིན་ལ། མ་འོངས་པར་བོད་རྒྱལ་ཁབ་ཆེན་པོའི་བདག་དབང་སླར་གསོ་བྱ་རྒྱུར། ཚོགས་པ་འདི་ལ་རེ་བ་དང་ཡིད་ཆེས། གདེང་འཇོག་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད། དེ་བཞིན་རང་དོན་ཕྱོགས་ལྷུང་དང་སྒེར་གྱི་ཁེ་ཕན་ཆེད་དུ་བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་བཅས་ལ་གནོད་གཞིའི་ལས་ཕྲ་མོ་ཙམ་ཡང་བྱས་མེད་པ་དེའང་ཚོགས་པ་འདིའི་སྤོབས་པ་དང་གཟི་བརྗིད་ཡིན།

ྋགོང་ས་ྋརྒྱལ་བ་རིན་པོ་ཆེ་མཆོག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་རྒྱལ་ཡོངས་འོས་བསྡུ་བྱེད་དགོས་པའི་ཡོངས་ཁྱབ་བཀའ་སློབ་ལམ་སྟོན་གནང་བའི་ཉིན་དེ་ནས་བཟུང༌། ད་ལྟའི་དབུས་རྒྱུན་སྐབས་ ༢༡ བར་རྒྱལ་ཡོངས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་ཡོད་པ་བཞིན་བོད་བསྟན་སྲིད་སྤྱི་དང་བྱེ་བྲག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་པའི་ཚོགས་ཆེན་དང་འགན་ལྷན་རིམ་པའི་གྲོས་ཆོད་ཁག་གི་དགོངས་དོན་ལྟར། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་རྟེན་གཞི་བྱས་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གནས་ཁག་དང༌། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བར་ལ་སྔར་ལྷག་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་དབུས་སའི་སྐབས་བབ་ཀྱི་དམངས་ཕན་རང་བཞིན་ལྡན་པའི་ལས་དོན་ཡོངས་ལམ་ལྷོངས་འཐུས་ཚང་གི་སྲི་ཞུ་སྒྲུབ་བཞིན་ཡོད་པ་ལྟར། མདོ་ཁམས་རྒྱ་ཆེའི་མི་མང་ནས་ཚོགས་པ་འདིར་བརྩི་བཀུར་དང༌། རེ་བ་ཆེན་པོ་གནང་བཞིན་ཡོད་ལ། དཔའ་རྒོད་དམ་པ་ཚོའི་དམིགས་འདུན་སྙིང་དབུས་སུ་བཅངས་ཏེ་མུ་མཐུད་ཡར་རྒྱས་ཚགས་ཚུད་ཀྱིས་རྒྱུན་སྐྱོང་ཡོང་ཐབས་སུ་འབད་རྩོན་ཞུ་བཞིན་ཡོད།

རང་ཅག་བཙན་བྱོལ་ལ་འབྱོར་ནས་ཉི་མ་དེ་རིང་གི་བར་དུ་རང་ཉིད་ཀྱི་ལྟོ་ཕོར་པའི་ཁེ་ཕན་ཕྲན་བུ་ཞིག་གི་ཆེད་མི་རྗེས་ཁྱི་འགྲོ་དང་མགོ་གཡོག་མགོ་སྐོར་འོག་ལ་ཚུད་ནས། རྩྭ་གང་ཡག་དང་ཆུ་གང་ཞིམ་ལྟ་ནས་རྒྱུག་འདུག་མཁན་ཁ་ཅིག་གིས་སྒྲིག་འཛུགས་འདི་དང༌། ཆེས་མཐོའི་དཔོན་རིགས་ཚོའི་འདུན་ལམ་དང་མཚན་མཐོང་ལ་གནོད་པའི་བསམ་སྤྱོར་ངན་པ་བྱེད་མཁན་སྔོན་ནས་ད་ལྟའི་བར་དུ་རེ་ཟུང་བྱུང་ཡོད་མོད། འདི་ནས་དགྲ་གཉེན་གྱི་དབྱེ་བ་ཤེས་པའི་ཐོག་ནས་རྒོལ་ལན་སློག་རྒྱུ་དུས་གྲོན་བྱས་མེད།འོན་ཀྱང་རྗེས་ཕྱོགས་གནད་དོན་འདིའི་རིགས་ལ་མཁས་མཛངས་ལྡན་པའི་མདོ་ཁམས་རྒྱ་ཆེའི་མང་ཚོཊ་ཀྱི་ངོས་ནས་དོ་སྣང་བྱེད་དགོས་པ་གལ་ཆེར་མཐོང་ཞེས་ཞུ་འདོད་བྱུང༌།

ལྷག་པར་དུ་དགྲ་བོ་རྒྱ་དམར་གཞུང་གིས་བོད་ཀྱི་རྩ་ཆེའི་དགོན་སྡེ་སྟོང་ཕྲག་མང་པོ་བཙན་གཏོར་དང་རིག་དངོས་ཁོར་ཡུག་གཏོར་བཅོམ་ཚད་མེད་བྱས་ཡོད་པ་མ་ཟད།བོད་མི་འབུམ་ཕྲག་མང་པོ་དུས་མིན་རྐྱེན་ལམ་བཏང་ནས་བོད་རྒྱལ་ཁབ་ཆེན་པོའི་ས་ཁོངས་ཡོངས་བཙན་འཕྲོག་བྱས་ནས་ད་བར་བོད་མིའི་ཆོས་དང་རིག་གཞུང༌། སྐད་དང་ཡི་གེཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོས་ནས་བོད་མི་རིགས་འདི་ཡང་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་ཐབས་བཅས།མདོར་ན་བོད་ཅེས་པའི་ཐ་སྙད་དེ་ཡང་འཛམ་གླིང་ས་ཁྲའི་ངོས་ནས་རྩ་མེད་བཟོ་རྒྱུའི་གཡོ་ཇུས་འོགད་ལྟའང་གཞིས་བཞུཊ་སྤུན་ཟླ་ཚོ་བཙོན་འཇུག་དང༌། རྡུང་རྡེག་མནར་གཅོད་སྣ་མང་ཞིག་གི་འོག་མྱོང་བཞིན་ཡོད་པ་འདི་ནི་དུས་ཐུང་ཞིག་གཏན་ནས་མིན་ལ།བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་དུ་མི་ལོ་ ༦༠ བརྒྱུད་རིམ་ནང་བོད་མི་རིགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་དུས་རབས་ཤིག་གི་རྫོགས་ཚིག་བཀོད་བཞིན་ཡོད་པ་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང༌། ཚོགས་སྒེར་གྱི་སྐྱེ་བོ་ཡོངས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་སུ་རྒྱབ་སྐྱོར་སྔར་ལྷག་གནང་རོགས་ཞེས་པའི་འབོད་སྐུལ་ཞུ་བཞིན་ཡོད།

དེ་བཞིན་རྒྱ་གཞུང་གིས་དབང་འཛིན་སྣེ་ཁྲིད་པ་ཚོས་ལོ་རེ་བཞིན་དྲང་བདེན་མེད་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་འོག བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན། ཛ་དྲག་གི་ངོ་རྒོལ་རྒྱུན་མ་ཆད་པ་སྤེལ་དགོས་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོ་སོའི་ནང་ཆོས་དང་རིག་གཞུང༌། སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་ཆོག་པའི་ཆ་རྐྱེན་གསལ་བོ་འཁོད་ཡོད་ན་ཡང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་སྲུང་སྐྱོབ་སོགས་བྱེད་མཁན་ཡོངས་ལ་སྡུག་སྦྱོང་མནར་གཅོད་དང་འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་པ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན་ལ། དུས་རྒྱུན་ནས་བོད་ས་ཁྱོན་ཡོངས་སུ་ཆོས་དད་རང་མོས་མི་སྤྲད་པ། རང་བྱུང་གཏེར་ཁ་སྔོག་འདོན་དང༌།གཙང་པོའི་ཁ་ལོ་བསྒྱུར་བ། ཤིང་ནགས་གཅོད་འབྲེགཁོར་ཡུག་གཏོར་སྐྱོན་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་་བཞིན་པ་དང༌། ལྷག་པར་དུ་ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་ཉེས་མེད་བོད་མི་མང་པོ་ཞིག་གང་བྱུང་འཇུ་བཟུང་དང༌། བཙོན་འཇུག་མནར་གཅོད་གཏོང་བཞིན་པའི་མཚོན། མདོར་ན་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བྱུས་ངན་སྤེལ་བཞིན་པ་སོགས་འཕྲལ་དུ་མཚམས་བཞག་སྟེ། བོད་རྒྱ་ཞི་མོལ་གྱི་ལམ་ནས་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དགོས་པ་རེད་ཅེས་ནན་བརྗོད་བྱ་རྒྱུ་ཡིན།

རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་འདི་ལས་གཡོལ་ཐབས་བྱས་ནས།གནད་དོན་འདི་ལ་ལག་པ་འཆང་རྒྱུའི་བློ་ཁོག་དང་ཆོད་སེམས་མེད་པ་ནི་དོན་དངོས་ཐོག་བདེན་པ་དང་གནས་ལུགས་མེད་བཞིན་དུ་གཡོ་ཧམ་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་སྣ་མང་ཞིག་བོད་མི་རིགས་འདིའི་ཐོག་ལོག་སྤྱོད་བྱེད་བཞིན་ཡོད་པའི་གཏན་ཚིགས་ཀྱིས་རེད། འོན་ཀྱང་དེ་ནི་ནམ་རིང་སྒྲུང་གིས་ཆོད་ཐབས་མེད་པ་དང་ཉི་ཤར་སྤར་མོས་ཁེབས་ཐབས་མེད་པ་ཡིན་དུས། ད་ལྟའི་དུས་སུ་བོད་རྒྱའི་དཀའ་རྙོག་གི་གནད་དོན་འདིའི་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུའི་ཐབས་ལམ་ཉག་གཅིག་ཡོད་པ་ནི། རྒྱ་གཞུང་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གུ་ཡངས་སྲིད་བྱུས་བཟུང་སྟེ་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཆེ་མཐོང་དང༌།ལྷག་པར་དུ་ྋགོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་ཉི་འོད་སའི་གོ་ལ་འདིའི་ཐོག་འཕྲོ་བཞིན་ཡོད་པའི་གོ་སྐབས་འདི་དང་བསྟུན་ནས་བོད་མི་རིགས་ཀྱི་མངོན་འདོད་གཞིར་བཟུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་རེད་ཅེས་གསལ་འདེབས་བྱ་རྒྱུ་ཡིན།

གལ་སྲིད་ད་དུང་ཡང་རྒྱ་ནག་དམར་ཤོག་གི་དབང་ལྡན་དཔོན་རིགས་ཚོའི་རྒྱ་ནག་ཆེན་པོའི་དབང་འབྱོར་དང་དམག་ཤུགས་ཀྱི་ང་རྒྱལ་ཁུར་ནས།བོད་རྒྱའི་དཀའ་རྙོག་འདིར་ལག་པ་འཆང་པའི་བློ་ཁོག་དང་ཆོད་སེམས་མེད་པར་དཀའ་རྙོག་འདི་གང་མགྱོགས་གཙང་སེལ་མ་ཐུབ་ཚེ་བོད་མི་རིགས་ཀྱི་བདག་དབང་སླར་གསོའི་ཆོད་སེམས་འདི་ལ་དུས་ནམ་ཡང་འགྱུར་བ་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་དུས། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་འདིའི་རྐྱེན་རྩ་ཇི་ཡོང་ལ་རྒྱ་ནག་གཞུང་གིས་འགན་ཆ་ཚང་ཁུར་དགོས་ཞེས་དྲན་སྐུལ་བྱེད་འདོད་བྱུང༌།

མཐའ་དོན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་སྦྲགས། སྤྱི་ནོར་ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་དང༌། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དང༌། རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་ནོར་བུ། མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གསུམ་གྱིས་གཙོས་རྒྱལ་གཅེས་དཔའ་རྒོད་ཚོའི་རླབས་ཆེན་གྱི་དམིགས་འདུན་ཟབ་མོ་དང༌། མགོ་ནག་བོད་མི་ཡོངས་ཀྱི་མངོན་འདོད་བོད་རང་དབང་རང་བཙན་གྱི་བདེན་མཐའ་གསེར་གྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ་དང༌། བོད་གཞིས་བྱེས་ལྷན་འཛོམས་ཀྱི་རྫོགས་ལྡན་གསར་པའི་དགའ་སྟོན་ལ་གང་མགྱོགས་རོལ་རྒྱུ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༨ཟླ་༦ཚེས་༡༦ལ།།” ཞེས་བཀོད་གནང་འདུག

གཞན་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གླིང་ཚང་ཚེ་རྡོ་མཆོག་གིས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་དང༌། དབུས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་བཞིན་པ་ལས། བོད་ཀྱི་རྩ་དོན་དང་ཆོལ་གསུམ་གཅིག་སྒྲིལ་ལ་གནོད་གཞིའི་ལས་ཕྲ་མོ་ཙམ་ཡང་བརྩམས་མྱོང་མེད་ལ། མ་འོངས་པར་ཡང་དེ་འདྲའི་ལས་ཀ་ཞིག་རྩ་བ་ནས་བརྩམ་འཆར་མེད་སྐོར་དང༌། རྒྱུན་དུ་ནས་སྒྲིག་འཛུགས་འདིའི་སྤྱི་སྒེར་གཉིས་ཀྱི་ངོས་ནས་ཆོལ་གསུམ་གཅིག་སྒྲིལ་དང་བོད་མི་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་ཁ་ཞེས་གཉིས་མེད་ཀྱིས་འབད་བརྩོན་ཞུ་མུས་དང༌། བཙན་བྱོལ་ནང་བོད་མི་སྤར་མོ་གང་ལས་མེད་དུས་ཚང་མ་རྡོག་རྩ་གཅིག་སྒྲིལ་མ་བྱས་ན་བོད་མིའི་རྩ་དོན་འགྲུབ་ཐབས་མེད་པ་དང༌། བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐད་ཁ་ཞེ་གཉིས་མེད་དང་ངོ་ལྐོག་རྒྱབ་མདུན་མེད་པ་གནང་དགོས་རྒྱུ་ནི་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་མ་རྩ་གཙོ་བོ་དེ་ཆགས་ཡོད་སྐོར་སོགས་གསུངས་ཡོད།”

སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་དོན། “ད་རེས་ཀྱི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་པའི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་འགོ་གཙོ་གནང་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་ཆུ་སྒང་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩི་གནང་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་དང༌། ཆུ་སྒང་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང༌། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་བློས་བཏང་ཆེན་པོས་རྒྱ་དམག་ལ་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བྱས་ཏེ་ཁ་གཏད་གདོང་ལེན་གྱིས་བོད་བསྟན་སྲིད་སྲུང་སྐྱོབ་སླད་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་ཁ་གཏད་གདོང་ལེན་བྱས་པ་དམིགས་བསལ་ལེའུ་ཚན་ཞིག་ཆགས་པ་དང་བོད་ཀྱི་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དེང་གིས་ཉམས་ཞིབ་པ་མང་པོས་ཉམས་ཞིབ་བྱ་ཡུལ་གྱི་གདེང་སྤོབས་སྐྱེད་ཡུལ་དང༌། ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང༌། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ནང་ཀྱང་འཁོད་ཡོད།

བསྟན་སྲུང་དང་བླང་དམག་བོད་ལྷོ་ཁ་ཁུལ་རྟེན་གཞི་བྱས་ནས་ལྷོ་ཁའི་རྫོང་ཁག་ཡོངས་ཀྱིས་རྒྱ་དམག་ལ་འབུར་འཇོམས་དང་མཐར་བསྐྲོད་བྱས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ལྷ་སར་ཆོལ་གསུམ་བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུ་ཕྱྭའི་སྲུང་སྐྱོབ་དང༌། རྒྱ་དམག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་ངོ་རྒོལ་གྱིས་ཞི་བའི་གྱེན་ལངས་བྱས་པ་དང༌། དེ་ནས་ཉིན་བདུན་རྗེས་ལྷ་ས་ནོར་གླིང་ཕོ་བྲང་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་བོད་ལྷོ་ཁ་ཁུལ་ནས་ཕེབས་ལམ་གཙང་སེལ་བྱུང་ཐུབ་པ་དང༌། དེ་བཞིན་བླ་ཆེན་ཁག་དང་རྒྱ་ཆེའི་བོད་རིགས་རྣམས་ཀྱི་བྲོས་ལམ་བསལ་བ་དང༌། རྗེས་འདེད་རྒྱ་དམག་སྟོང་ཕྲག་མང་པོར་འཐབ་རྒོལ་རིམ་པ་བྱས་ཡོད། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་ཞུ་སྒོ་ཅི་མཆིས་བདེ་བླག་ངང་ལས་དོན་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་གོ་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་སྦྲགས་བོད་མི་རིགས་དང་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན།

ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་སུ་གྱར་ནས་མི་ལོ་ ༥༩ ཟིན་ཀྱང༌། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མིར་གཉའ་གནོན་དང༌། དམངས་གཙོའི་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། རིག་གནས་གསར་བརྗེ། མི་དམངས་སྤྱི་ཁང༌སོགས་རྣམ་པ་དང་མིང་འདོགས་སྣ་ཚོགས་ཀྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་དམིགས་ཡུལ་ལྡན་པའི་སྲིད་བྱུས་འོག་བོད་མིས་ལུས་སེམས་ཀྱི་དཀའ་སྡུག་མནར་གཅོད་ཇི་མྱོང་བརྗོད་ཀྱིས་མི་ལངས་པ་ཞིག་ཆགས་ཡོད། ཡིན་ནའང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ངོ་བོ་ད་ལྟའང་མ་ཉམས་པར་གནས་བཞིན་ཡོད་པ་ལྟར་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་བོད་དོན་འཐབ་རྩོད་བྱ་རྒྱུ་དེ་ནམ་ཡང་མཚམས་འཇོག་མི་བྱེད་པའི་དམ་བཅའ་བརྟན་པོར་གནས་ཡོད། ལྷག་པར་བོད་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་སྐྱ་སེར་གྲངས་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད། མདོར་ན་ད་ལྟའི་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དང༌། མ་འོངས་བོད་དང་བོད་མི་ཞེས་པའི་ངོ་བོ་དང༌། ཆོས་དང་རིག་གཞུང༌། གོམས་གཤིས་བཟང་པོ་རྣམས་དར་སྤེལ་ཡོང་ཆེད་བོད་མི་ཀུན་གྱིས་ནུས་ཤུགས་མཉམ་སྒྲིལ་གྱི་འཁུར་འགན་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ཞིག་ཀྱང་དུས་དྲན་གྱི་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་གྱར་སྐབས་ས་བབ་གནམ་གཤིས་དང༌། སྐད་ཡིག འཚོ་བའི་མདུན་ལམ་བཅས་ཀྱི་དཀའ་ངལ་ཚབས་ཆེ་བྱུང་སྟེ། ཡར་བལྟས་གནམ་དང་མར་བལྟས་ས་ཞེས་པའི་དཔེ་ལྟར་གྲོགས་མེད་གཅིག་པུའི་ངང་ཚུལ་དུ་གྱུར་ཀྱང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་མཛད་འཕྲིན་དང༌། གནས་ཡུལ་རྒྱ་གར་གཞུང་མང་གི་མཐུན་རྐྱེན་རོགས་མགོན་གྱིས་ད་ཆ་བོད་མིའི་གཞིས་ཆགས་དང༌། ཆོས་སྡེ། སློབ་གྲྭ་སོགས་རིམ་ཚུགས་ཀྱིས་སོ་སོའི་འཚོ་བའི་མདུན་ལམ་དང་མངོན་འདོད་གང་ཡིན་བསྒྲུབ་པའི་ཆ་རྐྱེན་གང་ལེགས་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དུ་ཁ་ཐོར་གནས་འཁོད་བོད་རིགས་རྣམས་ཀྱང་སྤྱི་མཐུན་ཚོགས་པ་སོགས་སྒྲིག་འཛུགས་བཙུགས་ཏེ་ཚགས་ཚུད་ཡོད་ཁར་བོད་ཀྱི་སྐད་ཡིག་དང༌། ཆོས་དང་རིག་གཞུང་རྩ་དོན་བཅས་ཀྱི་ཐོག་ཕྱར་གྲུ་མཉམ་འདེགས་བྱེད་བཞིན་པ་བཅས་ལ་བརྟེན་རྒྱལ་སྤྱིའི་ནང་བོད་དོན་གྱི་གོ་རྟོགས་དང་རྒྱབ་སྐྱོར་ཤུགས་ཆེར་ཐོབ་ཡོད་པ་མ་ཟད། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་དང༌། བོད་ཀྱི་ཆོས་དང༌། རིག་གཞུང་བཅས་ལ་ཆེ་མཐོང་དང༌། དམིགས་བསལ་དོ་སྣང་བྱེད་གཞི་ཞིག་ཆགས་ཐུབ་པ་ནི་རང་གཞན་ཚང་མས་དགའ་སྒོམ་བྱ་ཡུལ་ཏུ་གྱུར་ཡོད།

དེ་བཞིན་ཆུ་སྒང་གི་སྒྲིག་འཛུགས་འདིས་ཀྱང་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག་ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་ཡེངས་སུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་བཞིན་པ་ནི་ལེགས་པའི་ལམ་དུ་འགྱུར་བ་དང༌། དེ་བཞིན་ཚོགས་པ་དེབ་སྐྱེལ་གནང་ཡོད་པ་མ་ཟད། ཆུ་སྒང་དབུས་ས་ཡོངས་དང༌། རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང༌། དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་བསྐྱོད་བཞིན་པ་དང༌། བྱེ་བྲག་ཏུ་ཆུ་སྒང་སྒྲིག་འཛུགས་ཀྱིས་མི་རབས་རྒན་པ་དང་འཁོས་ཞན་རྣམས་ལ་ལེགས་གསོལ་དང་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང༌། བོད་གསར་འཛུགས་སྐྲུན་གྱི་སོན་རྩ་ན་གཞོན་གྲངས་ ༡༠༠ ལ་སློབ་ཡོན་གྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་རང་ཉིད་ཀྱི་ཁྱབ་ཁོངས་ཚོར་ཕན་ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་གཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་སྔར་ལྷག་འབད་བརྩོན་གནང་འོས་སུ་གལ་ཆེར་མཐོང༌།

བོད་ནང་རྒྱ་དམར་གྱི་བཙན་གནོན་འོག་ཛ་དྲག་གི་དཀའ་ངལ་གནས་སྟངས་མཚམས་འཇོག་བྱ་ཐབས་ལ་རྒྱལ་སྤྱིའི་ཁྱོན་ལ་ཞུ་གཏུག་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་དང༌། ལྷག་པར་ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་དབུས་རྒྱུན་ལས་ཀྱི་སྐུ་ཚབ་ཁག་ཅིག་བྱང་ཨ་རིར་སྐོར་བསྐྱོད་དང་སྦྲགས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་སྙན་ཞུ་ཕུལ་ཐུབ་ཡོད་འདུག་པ་དང༌། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང༌། གཞན་ཡང་ཆབ་སྲིད་ཀྱི་ལས་འགུལ་རིགས་དང༌། སྒྲིག་འཛུགས་དང་ཚོགས་པ་གཞན་ཁག་གི་ལས་རིམ་ནང་མཉམ་ཞུགས། རྒྱ་གར་དཔོན་རིགས་དང་འབྲེལ་ཡོད་མི་སྣར་འབྲེལ་ལམ་གྱིས་མཚོན་སྤྱི་སྨན་ལས་འགུལ་སྤེལ་ཐུབ་པར་གང་ལེགས་དང༌། ད་དུང་རྒྱུན་གནས་དང་ཡར་རྒྱས་ཀྱི་ཕྱོགས་ལ་ཤུགས་སྣོན་གནང་ཐུབ་དགོས་གལ་ཆེ། དེ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུ་ཕྱྭའི་སྲུང་འདོམས་ཞུ་ཕྱོགས་དང༌། ཆུ་སྒང་དབུས་ས་གཉིས་ནས་བོད་བསྟན་སྲིད་དང་ྋརྒྱལ་བའི་ྋསྐུ་ཕྱྭའི་ཞབས་རིམ་ཆེད་སྲོག་བླུ་ཚེ་ཐར་ཁྱོན་ཆེ་དང༌། འབྲས་ལྡན་སྐྱེ་ཤིང་འདེགས་འཛུགས། ཁོར་ཡུག་གཙང་བཟོ། བཀའ་འགྱུར་དག་སྒྲོག་དང༌། གནས་བརྟན་ཕྱག་མཆོད། བཛྲ་གུ་རུ་དང༌། མ་ཎི་གྲངས་གསོག་སོགས་གནང་དང་གནང་འཆར་བཅས་ལ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

གནད་དོན་གལ་ཆེ་བ་གཞན་ཞིག་ནི་ཆོལ་གསུམ་བོད་མི་རྣམས་མཐུན་ལམ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་ཡོང་ཐབས་དང༌། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་བཀའ་དྲིན་རྗེས་དྲན་དང་གནས་ཡུལ་གྱི་ཡུལ་མི་རྣམས་དང་མཐུན་ལམ་གང་གཟབ་གནང་དགོས་པ་ད་རེས་གོ་སྐབས་འདི་བརྒྱུད་སླར་ཡང་ནན་ཏན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སའི་ཚོགས་པའི་ཞུ་སྒོ་མཐའ་དག་ལམ་ལྷོང་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། གསུངས་གནང་སོང༌།”

གཞན་ཡང་དམིགས་བསལ་སྐུ་མགྲོན་གྲྭའུ་དཔོན་རིན་ཆེན་ཚེ་རིང་མཆོག་གིས། ཁོང་རང་ཉིད་ཀྱི་མི་ཚེ་ལོ་རྒྱུས་དང་འབྲེལ། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་གང་གནང་ཡོད་པ་ངོ་སྤྲོད་གཏམ་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་ཁོང་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་གནང་ཡོད།

དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་ད་བར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོས་ནས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་དབུས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་མཚོན་ཆེད་དུ། ཚོགས་པས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་དོན་ཉམས་ཐག་ལ་འཚོ་སྣོན་རོགས་སྐྱོར་དང༌། སློབ་ཕྲུག་ཚོར་སློབ་ཡོན་གྱི་མཐུན་འགྱུར་རོགས་རམ་སྤྲད་དང་སྤྲོད་བཞིན་པའི་སྐོར་སོགས་ངོ་སྤྲོད་གཏམ་བཤད་གནང་ཡོད།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ལོ་ལྟར་རང་ཁོངས་རྒན་རབས་ ༡༡༣ ལ་འཚོ་སྣོན་དང༌། ཕྱོགས་མཚུངས་སློབ་ཕྲུག་གྲངས་ ༡༠༠ ཐམ་པར་སློབ་ཡོན་འབུལ་ཁོངས་ནས། རྡ་ས་ཁོངས་གཏོགས་ནས་འཚོ་སྣོན་དང་སློབ་ཡོན་ཐོབ་མཁན་ཁག་ཅིག་ལ་འབུལ་ལམ་ཞུས་པས་མ་ཚད། དེ་བཞིན་ཆུ་སྒང་ལོ་རྒྱུས་ཉམས་ཞིབ་དཔེ་དེབ་ (Tibet,The CIA, and Memories of a Forgotten War) འབྲི་མཁན་ལྕམ་སྐུ་ (Carole Mcgranahan) ལགས་དང༌། སྐུ་ཞབས་ Peter ལགས་རྣམ་གཉིས་ལ་ལེགས་སོའི་ཕྱག་རྟགས་བཅས་ཕུལ་གནང་ཡོད།

མཛད་སྒོ་མཇུག་བསྡོམས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དངུལ་གཉེར་ཨ་བོ་དགའ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ལྷ་རྒྱ་རིར་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ་རྗེས། ཉིན་གཉིས་རིང་མདོ་ཁམས་མི་མང་རྣམས་ལྷན་འཛོམས་ཀྱིས་ཐུགས་སྤྲོ་གཟབ་རྒྱས་ཤིག་བཏང་གནང་ཡོད་པ་བཅས།།