20
Sat, Apr

ཁེ་ན་ཌ་སྲིད་གཞུང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁེ་ན་ཌ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ། རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་འགན་ཁུར་དང་ལེན་གནང་ཐོག་ཆ་རྐྱེན་གང་ཡང་མེད་པའི་འོག་ནས་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་བསྒྲགས་གཏམ་ནན་མོ་སྤེལ་ཡོད་འདུག

དེ་ཡང་ཁེ་ན་ཌའི་གཞུང་གིས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཁེ་ན་ཌའི་གཞུང་ཚབ་ལས་ཁུངས་བརྒྱུད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དང་སྦྲགས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པའི་འོག་ནས་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག བསྒྲགས་གཏམ་དེའི་ནང་དོན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཡུལ་ཤུལ་ཁུལ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ ནང་བཀྲ་ཤིས་དབང་ཕྱུག་ལགས་དོ་དམ་བཀག་ཉར་འོག་བཞག་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༤ ཉིན་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད།

དེ་བཞིན་ཁེ་ན་ཌ་སྲིད་གཞུང་གིས་རྒྱ་ནག་གཞུང་ལ། རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་འགན་ཁུར་དང་ལེན་གནང་ཐོག་ཆ་རྐྱེན་གང་ཡང་མེད་པའི་འོག་ནས་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན།

རྒྱལ་སྤྱིའི་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ནང་སྤེལ་བའི་བསྒྲགས་གཏམ་དེར་རྒྱབ་སྐྱོར་ཞུ་བཞིན་ཡོད། བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་འགལ་ཉེས་ཅན་པར་བརྩིས་ནས་དོ་དམ་བཀག་ཉར་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད། ཁེ་ན་ཌའི་གཞུང་གིས་དེར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་འཁོད་ཡོད་འདུག