19
Fri, Apr

ཚོགས་འདུ་འཚོགས་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ལོ་༡༣ ཟེར་དུས་ཕྱོགས་གཅིག་ནས་དུས་ཡུན་རིང་པོ་རེད། ཕྱོགས་གཞན་ནས་ཐུང་ཐུང་ཞིག་རེད། ཚོགས་པ་ཞིག་ལོ་ ༡༣ འགྲོ་སྐབས་དུས་ཡུན་དེའི་རིང་ལས་དོན་སྤེལ་ཕྱོགས་དང་སྟངས་འཛིན་གནང་ཕྱོགས། ལྷག་པར་ཚོགས་པ་ཞིག་གི་ཚོགས་འདུ་འཚུགས་སྟངས་མི་འདྲ་བ་ཞིག་དགོས་པ་གལ་ཆེ་ཞེས་དཔལ་འབྱོར་བཀའ་བློན་མཆོག་གིས་གསུངས་གནང་འདུག

ཟླ་འདི་ཕྱི་ཚེས་༢༤་རེས་གཟའ་ཕུར་བུའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་༢ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་(Club House) གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་གི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༣ དབུ་འཛུགས་གནང་ཡོད།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་འཕྲིན་ལས་ནོར་བུ་ལགས། དེ་བཞིན་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༢༠ ཙམ་དང་། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་བསྟུན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར།

དེ་ནས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འབུལ་མཚམས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལས་བྱེད་སྐལ་བཟང་ཚེ་རིང་ལགས་ཀྱིས་ཕེབས་བསུ་དང་སྦྲགས་ངོ་སྤྲོད་གསུང་བཤད་གནང་། དེ་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་འཕྲིན་ལས་ནོར་བུ་ལགས་ཀྱིས་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་གནང་བ་མ་ཟད། མ་འོངས་ལས་འགུལ་སྤེལ་ཕྱོགས་ཐད་ཞིབ་ཕྲ་ངོ་སྤྲོད་ཞུས་རྗེས་བསྟི་གནས་ཁང་གི་དངུལ་གཉེར་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དངུལ་རྩིས་དང་འབྲེལ་བའི་སྙན་ཐོ་ཁག་སྒྲོགས་སྦྱང་ཞུས་མཚམས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༨ ལོའི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གསར་དེབ་ལྔ་པ་དབུ་འབྱེད་གནང་ཡོད།

དེ་རྗེས་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཚོགས་པའི་ནང་ལོ་བཅུ་བསྟུད་མར་ཕྱག་ལས་གནང་མཁན་རྣམས་ལ་ལོ་བཅུའི་སློབ་ཐོན་གཟེངས་རྟགས་གནང་ཡོད་པ་མ་ཟད། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབའ་ཧོ་བསྟན་འཛིན་ལགས་ལ་བྱས་རྗེས་ཅན་གྱི་གཟེངས་རྟགས་(lifetime achievement award)གནང་ཡོད། ནང་སྲིད་བཀའ་བློན་མཆོག་གིས་ཚོགས་གཙོ་དང་རྒྱུན་ལས་ཟུར་པ་རྣམས་ལ་ཡི་རངས་བསྔགས་བརྗོད་མཚོན་ཆེད་གཟེངས་རྟགས་གནང་།

དེ་ནས་དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཆོགས་པ་བཙུགས་ནས་ལོ་ངོ་ ༡༣ ཕྱིན་ཡོད། ཕྱི་ལོ་ ༢༠༠༥ ལོར་བཀའ་ཤག་སྐབས་ ༡༢ པའི་ཐུགས་འཁུར་འོག་དཔལ་འབྱོར་ལས་ཁུངས་ཀྱིས་བརྒྱུད་སྐུལ་བྱས་ཏེ་ཚོགས་པ་གསར་འཛུགས་བྱས་པ་ཞིག་ཡིན། ལོ་༡༣ ཟེར་དུས་ཕྱོགས་གཅིག་ནས་དུས་ཡུན་རིང་པོ་རེད། ཕྱོགས་གཞན་ནས་ཐུང་ཐུང་ཞིག་རེད། ཚོགས་པ་ཞིག་ལོ་ ༡༣ འགྲོ་སྐབས་དུས་ཡུན་དེའི་རིང་ལས་དོན་སྤེལ་ཕྱོགས་དང་སྟངས་འཛིན་གནང་ཕྱོགས། ལྷག་པར་ཚོགས་པ་ཞིག་གི་ཚོགས་འདུ་འཚུགས་སྟངས་མི་འདྲ་བ་ཞིག་དགོས་པ་གལ་ཆེ་ཞེས་དཔལ་འབྱོར་བཀའ་བློན་མཆོག་གིས་གསུངས་གནང་འདུག

ཕྱི་ལོ་ ༢༠༡༥ ལོར་བོད་མིའི་ཚོང་ལས་བདེ་ཚོགས་ལོ་ངོ་ ༡༠ འཁོར་བའི་དུས་ཆེན་ཉིན་དཔེ་དེབ་ཅིག་དབུ་འབྱེད་གནང་སྐབས་དགའ་ལྡན་ཕོ་བྲང་ནས་བཀའ་སློབ་ལམ་སྟོན་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་ལམ་སྟོན་གསུང་འཕྲིན། དེ་བཞིན་དཔལ་འབྱོར་བཀའ་བློན་གི་གསུང་འཕྲིན་ཕུལ་ཡོད། སྐབས་དེར་ཚོགས་པ་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་དོན་ཚན་དྲུག་བཀོད་ཡོད་པ་དེ་དག་ཞིབ་ཕྲ་ངོ་སྤྲོད་དང་ལྷན་དོན་ཚན་དེ་དག་ཐོག་ད་ཆ་ཡར་རྒྱས་ཇི་འདྲ་ཞིག་འགྲོ་ཐུབ་ཡོད་མེད་ཐད་དྲི་བ་ཞིག་གཏོང་དགོས།

ཕྱོགས་མཚུངས་དོན་ཚན་དྲུག་པ་དེ་ཧ་ཅང་རྒྱ་ཆེན་པོ་རེད། ཚོགས་མི་རྣམས་ནས་དེའི་ཐོག་དགོངས་རྒྱ་ཆེ་བཞེས་རྗེས་དཔྱད་པ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། ཕྱི་ལོ་ ༢༠༠༥ ལོར་ཚོགས་པ་འདི་གསར་འཛུགས་གནང་ཡོད། སྐབས་དེར་ང་རང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་འགན་འཁྱེར་ནས་ཡོད། དེའི་སྐབས་ཀྱི་ཚོགས་མིའི་ཁྲོད་ད་ཆ་གཉིས་སམ་ཡང་ན་གསུམ་ཙམ་ལས་འདིར་མཇལ་རྒྱུ་མི་འདུག ལོ་ ༡༣ རིང་ལོ་ལྟར་ལོ་འཁོར་ཚོགས་ཆེན་ཚོགས་ཡོད་ཀྱང་དེ་རིང་ཚོགས་བཅར་བ་མང་ཤོས་རེད། ཚོང་པའི་ལྷན་ཚོགས་འདི་མ་འཛུགས་གོང་འཐུས་མི་རྣམས་ཀྱིས་བཀའ་སྡུར་ལྷུག་པོ་གནང་མཐར་དམིགས་ཡུལ་དོན་ཚན་ ༡༡ ཞིག་གཏན་ལ་ཕབ་ཡོད་པ་དེའི་ཁྲོད་གནད་འགག་ཅན་གྱི་དོན་ཚན་དྲུག་ཡོད། ད་ལྟའི་གནས་བབ་ལ་དོན་ཚན་ལྔ་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།

སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བའི་ནང་དོན་གཙོ་བོ། དེ་སྔོན་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༨ ཉིན་ཕྱི་རྒྱལ་ཨ་རིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའོ་སྤྱི་ཚོགས་ནང་ནས་ཨ་སྒོར་ས་ཡ་དང་བྱེ་བའི་བདག་པོ་དེ་འདྲ་གང་མང་ཐོན་ནས་སྤྱི་ཚོགས་ལ་ཕན་ཐོགས་བྱེད་དགོས་པའི་བཀའ་སློབ་ཕེབས་པ་ལྟར་ང་ཚོས་ཀྱང་དེ་ལྟར་ལག་བསྟར་ཐུབ་པ་ཞིག་དགོས་སྐོར་དང་། དང་བླངས་དཔྱ་དངུལ་འབུལ་མཁན་མང་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དང་། དང་ཞབས་པ་ཚོ་ཡིན་པ་དང་། ཁོང་ཚོའི་གསོལ་ཕོགས་ནས་བརྒྱ་ཆ་བཞི་འབུལ་བཞིན་ཡོད་སྐོར།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་གསོལ་ཕོགས་ཉུང་ངུ་ལས་མེད་ཀྱང་བརྒྱ་ཆ་བཞི་དཔྱ་དངུལ་འབུལ་གྱི་ཡོད་སྐོར་དང་། ཚོང་པ་ཚོ་དང་བསྡུར་བ་ཡིན་ན་སྲི་ཞུའི་ལས་བྱེད་ཚོའི་ཕོགས་ཉུང་བའི་གྲས་རེད། འོན་ཀྱང་ཕོགས་བབ་དེ་ནས་བརྒྱ་ཆ་བཞི་དྭང་བླངས་དཔྱ་དངུལ་ཆེད་འབུལ་བཞིན་ཡོད། དེར་བརྟེན་ཚོང་པ་ཚོས་ཁེ་བཟང་ནས་བརྒྱ་ཆ་བཞི་ཕུལ་བ་ཡིན་ན་ཡག་པོ་ཡིན་སྐོར་གསུང་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་བཙན་བྱོལ་བོད་མིའི་འཚོ་རྟེན་རོགས་སྐྱོར་ལས་གཞིའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ཚོགས་འདུར་མཉམ་ཞུགས་ཙམ་མིན་པར་ལས་དོན་གང་ཅིའི་གྲུབ་འབྲས་ལ་ངེས་པར་དུ་དཔྱད་དགོས། གཟེངས་རྟགས་དེའང་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་ཙམ་མིན་པར་སྤྱི་པའི་ལས་དོན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་སུ་འདྲ་ཞིག་ལའང་གཟེངས་རྟགས་དེ་ཕུལ་ཐུབ་ཚེ་ཧ་ཅང་དགེ་མཚན་ཆེ་སྐོར་གསུངས། དེ་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་ནས་སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་སྦྲགས་སྐལ་བཟང་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད་འདུག