19
Fri, Apr

གོམ་བགྲོད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གསོན་པོ་དང་ལུས་སེམས་བདེ་ཐང་ངང་ཁོང་གི་གནས་སྟངས་ས་ཕྱོགས་གང་སར་གསལ་སྟོན་བྱེད་དགོས།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་༧པན་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་དམར་གྱིས་བཙན་ཁྲིད་བྱས་ནས་ལོ་ངོ་ཧྲིལ་པོ་༢༣ འཁོར་བ་དང་སྟབས་བསྟུན་ནས་ངྷ་ས་མེག་ངྒན་ནས་ཀ་ཅཱ་རིའི་བར་དུ་ཞི་བའི་གོམ་བགྲོད་དང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་བའི་ནང་། ༧གོང་ས་མཆོག་གིས་ཕྱི་ལོ་༡༩༩༥ ལོའི་ཕྱི་ཟླ་༥ པའི་ཚེས་༡༤ ཉིན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཀྱི་ཡང་སྤྲུལ་དུ། སྐབས་དེར་དགུང་ལོ་དྲུག་ལ་སོན་པའི་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་༧པཎ་ཆེན་སྐུ་ཕྲེང་༡༡ པར་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་སུ། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་བཙན་འཁྲིད་བྱས་ནས་བཟུང་། རྒྱ་གཞུང་ལས་གཞན་པས་ཁོང་གི་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་དགུང་མཉམ་དམར་ཤོག་ཚོགས་པའི་ལས་བྱེད་བོད་པ་ཞིག་གི་བུ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་༧པཎ་ཆེན་སྐུ་ཕྲེང་༡༠པའི་ཡང་སྤྲུལ་དུ་བསྐོ་བཞག་བྱས་ནས་ཁྲི་འདོན་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་དུ་༧གོང་ས་མཆོག་གི་ཤུགས་རྐྱེན་མེད་པ་བཟོ་ཐབས་དང་། ཆབ་སྲིད་ཀྱི་ཁེ་ཕན་ལེན་ཐབས་བཅས་ཀྱི་ཆེད་དུ་ཡིན་སྐོར། མི་མང་ས་ཡ་མང་པོས་ད་ལྟ་དགུང་ལོ་༢༩ ལ་ཕེབས་པའི་པཎ་ཆེན་ཡང་སྤྲུལ་རིན་པོ་ཆེ་མཆོག་མཇལ་འདོད་ཡོད་མིན་ལ་མ་ལྟོས་པར་མཐའ་ན་སྐུ་པར་ཙམ་ཡང་སྟོན་གྱི་མེད་སྐོར། རྒྱ་ནག་གཞུང་གིས་དྲག་པོའི་ལམ་ནས་བོད་མི་ཚོར་རྒྱལ་མཚན་ནོར་བུ་༧པཎ་ཆེན་སྐུ་ཕྲེང་༡༡ པར་ངོས་ལེན་བྱེད་དགོས་པའི་ཐབས་ཤེས་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་དེ་ལས་ལྡོག་སྟེ་༧པཎ་ཆེན་རྫུན་མ་ཞེས་བརྗོད་ཀྱི་ཡོད་སྐོར། ༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མིན་ཐད་རྒྱ་ནག་གཅིག་པུ་ལས་གཞན་སུས་ཀྱང་ལན་འདེབས་བྱེད་མི་ཐུབ་སྐོར་སོགས་འཁོད་འདུག

དེ་ཡང་གསར་འགོད་གསལ་བསྒྲགས་ཐོག་དགོས་འདུན་དོན་ཚན་ལྔ་བཏོན་འདུག་པ་ནི།
༡༽ ༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གསོན་པོ་དང་ལུས་སེམས་བདེ་ཐང་ངང་ཁོང་གི་གནས་སྟངས་ས་ཕྱོགས་གང་སར་གསལ་སྟོན་བྱེད་དགོས།

༢༽ ༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་༢༩ ཕེབས་པའི་ལོ་གཞོན་འཚར་ལོང་ཅན་གྱི་སྐུ་དཔར་མཁོ་སྤྲོད་བྱེད་དགོས།

༣༽ མཉམ་འབྲེལ་རྒྱལ་ཚོགས་འོག་ལ་ཡོད་པའི་རང་དབང་ཅན་གྱི་མི་ཚོའི་གཟིགས་སྐྱོང་འོག་ནས་༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་མཇལ་འཕྲད་གནང་བཅུག་དགོས།

༤༽ ༧པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་རྣམས་གཞན་དབང་སྟབས་བསྟུན་མ་དགོས་པའི་ཐོག་ནས་མགྱོགས་ནས་མྱུར་དུ་གློད་གྲོལ་དགོས།

༥༽ གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་པོ་དང་༧པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་འཚོལ་ཞིབ་གནང་མཁན་གྱི་ཚོགས་ཆུང་གི་འགོ་ཁྲིད་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་བདེ་ཐབས་ཐོག་གནས་ཚུལ་གསལ་སྟོན་དགོས

ཞེས་པ་བཅས་རེད་འདུག གཞན་ཡང་། དེ་སྔོན་རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མི་དཀྱུས་མ་བཞིན་གནས་པའི་ཐོག་ནས་སློབ་གཉེར་བྱེད་བཞིན་ཡོད་སྐོར་བཤད་ཡོད་ཀྱང་། དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས། གལ་ཏེ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མི་དཀྱུས་མ་བཞིན་གནས་ཡོད་ན་མི་དཀྱུས་མ་བཞིན་མ་བཞག་པར་ཁོང་གི་གནས་སྟངས་སྦས་གསང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གྱི་དོགས་འདྲི་ཡང་གནང་ཡོད་འདུག